Skip to main content
ཟི་ལིང་གྲོང་ཁྱེར་གྱི་བོད་མིའི་གནས་ཡུལ་སྤོ་བཤུད།
Shamo Thar

༡༩༧༨ལོ་ནས་བཟུང་། ཀྲུང་གོ་རྒྱལ་ཁབ་ཏུ་ཡུལ་མི་བྱེས་སྤོའི་ཚ་རླབས་ཆེན་པོ་ཞིག་འཕྱུར་མགོ་བརྩམས། སྐབས་དེར་ཧ་ལམ་མི་མགོ་བྱེ་བ་གཉིས་དང་ས་ཡ་དྲུག་ལྷག་རང་གི་ཕ་ཡུལ་དང་ཁ་བྲལ་ཏེ་ཅུང་ཟད་སྔོན་ཐོན་ཡིན་པའི་གྲོང་ཁྱེར་དུ་གནས་སྤོས། བྱེས་སྤོ་ཆེན་པོ་འདིས་ཀྲུང་གོའི་དཔལ་འབྱོར་གྱི་རྣམ་པ་བསྒྱུར་པ་མ་ཟད་མི་འབོར་གྱི་ཐོན་ཁུངས་ཡང་བསྐྱར་ལེགས་སྒྲིག་བྱུང་། དཔེར་ན། ༢༠༠༡ལོ་ནས་༢༠༡༠ལོའི་བར་དུ། ཡུལ་མི་བྱེས་སྤོ་ཡིས་རྒྱལ་ནང་དཔལ་འབྱོར་གྱི་༢༠%འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན། དེ་བཞིན་དུ། བོད་པ་རྣམས་ཀྱང་རྒྱང་རིང་གི་ཞིང་གྲོང་ནས་ཉེ་འཁོར་གྱི་གྲོང་ཁྱེར་དུ་བྱེས་སྤོ་བྱེད་ཅིང་། གྲོང་ཁྱེར་དེ་དག་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཟི་ལིང་དང་ལྷ་ས། ཁྲིན་ཏུ་བཅས་རེད། ཉེ་བའི་ལོ་འདི་དག་གི་རིང་ལ། ཟི་ལིང་དུ་བྱེས་པ་མང་དུ་འཕེལ་བཞིན་འདུག 

ཟི་ལིང་དུ་མི་མགོ་ས་ཡ་གཉིས་དང་ལྔ་འབུམ་ཙམ་ཡོད་ཅིང་དེའི་ཁྲོད་དུ་བོད་རིགས་ཆིག་འབུམ་ཉིས་ཁྲི་ལྷག་ཡོད། ཟི་ལིང་ནི་དཔེར་མཚོན་ཅན་གྱི་བྱེས་པའི་གྲོང་ཁྱེར་ཅིག་རེད། ཚོད་དཔག་བྱས་ན་ཟི་ལིང་གི་མི་འབོར་ཕྱེད་ཀ་བྱེས་པ་རེད། བོད་རིགས་བྱེས་པ་ཕལ་ཆེར་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་དྲུག་ནས་སྤོས་ཡོང་བའི་ཨ་མདོ་བ་དང་ཁམས་པ་ཁག་ཅིག་རེད། མཚོ་ཤར་ས་ཁུལ་དུའང་བོད་རིགས་མང་པོ་ཡོད་ཀྱང་དེ་ནི་བོད་རིགས་རང་སྐྱོང་ས་ཁུལ་ཅིག་མ་ཡིན་ལ་དེ་གར་ཨ་མདོ་བ་ཆིག་འབུམ་སུམ་ཁྲི་ལྔ་སྟོང་ལྷག་ཡོད། མཚོ་སྔོན་གྱི་བོད་རིགས་རང་སྐྱོང་ཁུལ་དྲུག་པོ་ནི་རྨ་ལྷོ་དང་མཚོ་ལྷོ། མཚོ་བྱང་། མཚོ་ནུབ། མགོ་ལོག་དང་ཡུལ་ཤུལ་བཅས་ཡིན་ལ། ཞིང་ཆེན་ཡོངས་སུ་ཕལ་ཆེར་ཨ་མདོ་བ་དགུ་འབུམ་ལྷག་དང་ཁམས་པ་ཉིས་འབུམ་དགུ་ཁྲི་ལྔ་སྟོང་ལྷག་འཚོ་སྡོད་བྱས་ཡོད། 

བསྡོམས་རྩིས་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བོད་མིའི་༡༠%ཟི་ལིང་གྲོང་ཁྱེར་དུ་གནས་སྤོས་ཡོད། འགའ་རེས་ཅིའི་ཕྱིར་བོད་པ་འདི་འདྲའི་མང་པོ་ཞིག་ཟི་ལིང་ལ་སྤོས་ཡོང་བ་ཡིན་ནམ་ཞེས་དོགས་སློང་བྱེད་སྲིད། སྲོལ་རྒྱུན་གྱི་བྱེས་སྤོའི་གཞུང་ལུགས་སྨྲ་བའི་འདོད་ཚུལ་ལ་“སྐུལ་འཐེན་གཞུང་ལུགས་”ཀྱིས་གནས་ཚུལ་འདིར་འགྲེལ་བཤད་བྱེད་ཐུབ་སྟེ། བྱེས་པ་ཚོའི་དང་ཐོག་གི་དམིགས་ཡུལ་ནི་གྲོང་ཁྱེར་ནས་ལས་ཀ་འཚོལ་བ་དང་སློབ་གསོ་མྱོང་བ། སྨན་བཅོས་ལེགས་པོར་བསྟེན་པའི་ཆེད་དུ་རེད། དེང་སྐབས་“དཔལ་འབྱོར་གྱི་བྱེས་སྤོ་བ་གསར་པའི་”གཞུང་ལུགས་སྨྲ་བ་བསྟུད་མར་བྱུང་སྟེ་སྲོལ་རྒྱུན་གྱི་གཞུང་ལུགས་དང་འགྲན་སློང་བར་བྱེད། ཁོ་ཚོའི་འདོད་ཚུལ་ལ་བྱེས་སྤོ་བྱེད་པ་ནི་མི་སྒེེར་གྱིས་ཐག་གཅོད་བྱེད་པ་ཞིག་མ་ཡིན་པར་འབྲེལ་ཡོད་ཀྱི་མི་སྣ་དང་མཉམ་དུ་ཐག་གཅོད་བྱེད་པ་ཞིག་རེད་ཟེར། བོད་པ་ཚོ་ཟི་ལིང་གྲོང་ཁྱེར་ལ་བྱེས་སྤོ་བྱེད་པ་དེ་ཧ་ལམ་རིམ་པ་ལྔ་རུ་དབྱེ་ཆོག་སྟེ། དང་པོ་ནི་སྔ་དུས་ཀྱི་སྤྱི་ལོ་༡༩༢༠ལོ་ནས་༡༩༧༨ལོའི་བར་དུ་བོད་པ་འགའ་ཞིག་ཟི་ལིང་དུ་བྱེས་སྤོ་བྱུང་། ངས་བསམ་ན་སྐབས་འདིའི་བོད་པ་བྱེས་པ་ཚོ་ནི་བོད་རིགས་ཕུལ་བྱུང་ཅན་དག་རེད། ཁོ་ཚོ་བྱེས་སྤོ་བྱེད་དོན་ནི་སྲིད་དབང་མི་འདྲ་བས་འཆར་བཀོད་དང་རྩ་འཛུགས་བྱས་པ་དང་འབྲེལ་ཡོད་སྡེ་ཁག་གིས་ཁོ་ཚོར་སྲིད་གཞུང་ནང་དུ་དཔོན་གནས་དང་ལས་བཟོ་བའི་ལས་རྐང་བཀོད་སྒྲིག་བྱས་པ་རེད། གཉིས་པ་ནི་༡༩༧༨ལོ་ནས་༡༩༩༠ལོའི་བར་དུ་བོད་རིགས་ན་གཞོན་མང་པོ་གནས་སྐབས་སུ་ཟི་ལིང་དུ་བྱེས་སྤོ་བྱུང་བ་སྟེ། ཁོ་ཚོ་ནི་སློབ་རིན་མི་དགོས་པའི་སློབ་ཆེན་སློབ་གསོ་མྱོང་བའི་ཆེད་དུ་སླེབས་པ་རེད། སྐབས་དེར་ཡང་སློབ་མ་མང་པོར་སྲིད་གཞུང་གིས་ལས་ཀ་བཀོད་སྒྲིག་བྱས། ཁོ་ཚོའི་ཁྲོད་དུ་ལ་ལ་བོད་སྐད་རླུང་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པར་གྱུར་བ་དང་། ལ་ལ་ལོ་ཙཱ་བ། ལ་ལ་སློབ་གྲྭ་ཆེན་མོའི་དགེ་རྒན། ལ་ལ་སྨན་པ། ལ་ལ་སྲིད་གཞུང་གི་ལས་བྱེད། ལ་ལ་རྩོམ་པ་པོ། ལ་ལ་རྩོམ་སྒྲིག་པ་སོགས་སུ་གྱུར་ཡོད། བོད་རིགས་སློབ་མ་འདུ་རྒྱུག་གི་གནས་ཚུལ་སྐབས་འདི་ནས་བྱུང་བ་ཡིན་ལ། ད་ལྟ་དེ་བས་ཀྱང་རྣམ་པ་རྒྱ་ཆེན་པོ་ཆགས་ཡོད། སྤྱི་ལོ་༢༠༡༣ལོར་  

སྐབས་འདིའི་བོད་རིགས་སློབ་ཆེན་སློབ་མ་ཚོ་ཟི་ལིང་ནས་ལས་ཀར་ཞུགས་པའི་གནས་ཚུལ་ལ་རྟོག་ཞིབ་བཏང་བ་ལྟར་ན། མཐར་ཕྱིན་སློབ་མའི་༡༢%ཀྱིས་ཟི་ལིང་ནས་ལས་ཀར་ཞུགས་པ་དང་། ཁོ་ཚོ་ཕལ་ཆེ་བ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་རེད། གསུམ་པ་ནི་༡༩༩༠ལོ་ནས་༢༠༠༠ལོའི་བར་དུ། རང་སྐྱོང་ཁུལ་སོ་སོའི་ལས་བྱེད་ལས་འཁྱུར་ངལ་གསོ་བྱས་པ་གང་མང་གིས་ཟི་ལིང་ནས་སྡོད་ཁང་ཉོས་ཏེ་ཁྱིམ་མི་གང་བོ་ཟི་ལིང་ནས་གཞི་སྡོད་བྱས། བྱེས་པའི་ཁྱུ་ཚོ་འདིའི་རིགས་ད་ལྟའང་མང་པོ་ཡོད། བཞི་བ་ནི་སྤྱི་ལོ་༢༠༠༠ལོ་ནས་༢༠༠༩ལོའི་བར་དུ་ཕལ་བའི་བོད་རིགས་ཞིང་བ་དང་འབྲོག་པ་གང་མང་ཡང་རང་གི་ཕ་ཡུལ་དང་ཁ་བྲལ་ཏེ་ཟི་ལིང་ལ་ཡོང་ནས་ལས་ཀ་འཚོལ་བ་དང་སྨན་བཅོས་ཞབས་ཞུ་མྱོང་བ། ནང་མི་ལྷན་འཛོམས་བྱེད་པའི་རིགས་བྱུང་། ལྔ་བ་ནི་དེང་སྐབས་ཀྱི་བྱེས་པའི་ཚོགས་ཏེ་ཁོ་ཚོའི་ཁྱད་ཆོས་ལ་གཞིགས་ན་སྣ་མང་རང་བཞིན་དང་གསོན་ཉམས་དོད་པའི་མི་སྡེ་ཞིག་རེད། འགའ་ཞིག་ཟི་ལིང་ནས་གཞི་སྡོད་བྱས་ཏེ་ཚོང་ལས་གཉེར་བ་སྟེ། དཔེར་ན། ཟ་ཁང་དང་འགྲུལ་ཁང་། ཡུལ་སྐོར་སྣེ་ཤན་ཁང་། གློག་བརྙན་ཕབ་སྐྲུན་ཀུང་སི་སོགས་གཉེར་བཞིན་ཡོད།  སྔར་བས་མང་པོའི་བོད་རིགས་ན་གཞོན་ཚོ་ཟི་ལིང་དུ་བྱེས་སྤོ་བྱེད་པ་ནི་རང་གི་ཕུགས་འདུན་འཚོལ་བའི་ཆེད་དུ་ཡིན་ལ། བོད་ཀྱི་དཔལ་འབྱོར་དང་རིག་གནས་གསར་སྤེལ་གྱི་ལས་སྒོ་ལ་འཇུག་པ་ཤས་ཆེ། སྤྱི་ཁྱབ་ནས་བལྟས་ན། ལོ་རྒྱུས་རིམ་བརྒྱུད་ཀྱི་བྱེས་པའི་འཕེལ་རིམ་འདིར་མ་འོངས་པར་འགྱུར་ལྡོག་འབྱུང་སྲིད་པ་དང་། ངས་ཚོད་དཔག་བྱས་ན་ཟི་ལིང་དུ་བོད་རིགས་བྱེས་སྤོ་བྱེད་མཁན་ཉུང་དུ་འགྱུར་སྲིད་དེ། རང་སྐྱོང་ས་ཁུལ་དག་གི་དཔལ་འབྱོར་གོང་འཕེལ་དུ་ཕྱིན་པ་དང་བསྟུན་ནས་བོད་པ་ཚོ་སོ་སོའི་ཕ་ཡུལ་ལ་ལོག་འགྲོ་བའང་ཡོད་སྲིད་དོ།།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.