འབྲོག་པའི་འཚོ་བ་བག་ཕེབས་ཤིང་རང་དབང་ཆེ་བ་བདེན་མོད། འབྲོག་པ་ལས་གཞན་མི་ཡི་ཡིིད་ལ་ཤར་བ་དེ་འདྲ་ཞིག་ཀྱང་། དུས་ཚིགས་དང་སྡོད་ཁུལ་གྱི་སྒྲིག་སྲོལ་ལྟར། འབྲོག་ར་སྤོ་བའང་བསམ་འདོད་དུ་སྤོ་བ་ཞིག་མིན་པར། སྤོ་ལུགས་ངེས་ཅན་རེ་ཡོད་པ་དེ་བརྩི་སྲུང་བྱ་དགོས། འབྲོག་ས་སྤོ་བ་ལའང་རིགས་ཆེ་ཤོས་གསུམ་མཆིས་ཏེ། དགུན་དཔྱིད་འབྲོག་ས། དབྱར་གྱི་འབྲོག་ས་དང་སྟོན་གྱི་འབྲོག་ས་བཅས་སོ། །
ཐོག་མར། དད་མོས་ཐུན་མོང་ངམ་ཚོ་བ་ཐུན་མོང་། ཡང་ན་སྡེ་ཁུལ་འགྲུབ་བྱེད་ཀྱི་ཆ་རྐྱེན་གཞན་གང་ཞིག་ཡིན་ཡང་། སྡེ་ཁུལ་གཅིག་ལ་དབང་བའི་ས་ལ་ཚད་བཀག་ཡོད་པས། ཚད་འདི་ལས་མ་བརྒལ་བའི་ས་ཁོངས་སུ་སྤོ་རུང་བ་ལས། ཚོ་བ་གཞན་གྱི་ས་ཁོངས་ནོར་ལུག་དེད་ན། ཚོ་བའི་བར་ལ་འགལ་བ་ཛ་དྲག་ཐ་ན་སྡེ་ཁུལ་མི་འདྲ་བའི་བར་དུ་འཐབ་འཁྲུག་ཀྱང་སློང་ཉེན་ཡོད་པ་སོགས་ལ་བལྟས་ན། རྩྭ་ཐང་ནི་མཐའ་ཀླས་པ་ཞིག་ཡིན་པ་བདེན་མོད། དེར་འཚོ་བའི་མི་ལ་དབང་བའི་ས་ཁོངས་ལ་ཚད་ཡོད་པ་ཤེས་པར་གྱིས།
སྡེ་ཁུལ་ངེས་ཅན་ཞིག་ས་ཁོངས་སུ། འབྲོག་ས་སྤོ་བའི་རྣམ་པ་དང་དུས་ཚོད་ནི་སྤྱིར་བཏང་དུ་སྡེ་དཔོན་གྱིས་ས་མགོ་མཐོ་ཚད་དང་། རྩྭ་སྐྱེས་ཡག་བཙོག སྔར་ཡོད་གོམས་སྲོལ་སོགས་ལ་བརྟེན་ནས་ཐག་བཅད་པ་ཡིན་ལ། མཐོ་ས་ལས་ཅུང་དྲོད་པས། དགུན་དང་དཔྱིད་དུས་སུ་དམའ་སར་བསྡད་ལ། ཆུ་ལེན་དང་འགྲིིམ་འགྲུལ་སོགས་སྟབས་བདེ་ཡིན་པས་སོ། ནམ་ཟླ་གྲང་ངར་ཆེ་བའི་དབང་གིས། དགུན་དུས་ནི་མི་ཤུགས་ཀུན་གྱི་དམྱལ་ཁམས་ལྟ་བུ་ཡིན། དཔྱིད་དུས་སུ། ས་གཞི་དྲོད་ཀྱིས་ཁྱབ་ལ། བེའུ་སྐྱེས་པའི་དུས་ཚིགས་ཀྱང་ཡིན་པས། འབྲོག་རའི་ཕྱི་ནང་ལས་ཀ་མང་པོ་ཡོད། དེ་ནས་ས་གཞི་རིམ་གྱིས་ལྗང་མདོག་ལྡན་ཞིང་བེའུ་རྣམས་ཀྱང་འཚར་ལོངས་བྱུང་བའི་སྐབས་ན། འབྲོག་པ་ཚོ་ལུང་མགོའི་རི་རྩེར་སྤོས་སོ། ཁྱིམ་གཞིས་ནི་རྒྱ་ཆེ་ཞིང་ཐང་སྙོམས་པའི་སར་ཆགས་པས། སྒོ་ཕྱུགས་ཕར་འགྲོ་ཚུང་འོང་གི་ས་ཁོངས་ཆེ་ལ། རྩྭ་ཆུ་ཡང་ཕུན་སུམ་ཚོགས་པ་མ་ཟད། དགུན་དང་དཔྱིད་དུས་ལ་རྩྭ་་མོད་པོ་བསྐྱུར།
འབྲོག་ས་སྤོ་བ་ནི་ལས་སླ་མོ་ཞིག་མིན་པར། སྦྲ་ཆེན་ཕྱོགས་གཉིས་སུ་བགར་ཏེ། མཁོ་ཆས་ཇ་ལག་ཐམས་ཅད་ནོར་གྱི་རྒྱབ་ལ་བཀལ་དགོས། སྡུག་རུས་དང་འཆར་གཞི་ལེགས་པོ་ཞིག་མེད་ན་བྱ་བ་འདི་བསྒྲུབ་དཀའ། དཔེར་ན། སྤོ་བར་བྱ་བའི་འབྲོག་སའི་བར་ཐག་དང། རྟ་དང་ནོར་གྱི་གྲངས་ཀ། ཐེངས་དུ་ལ་སྐྱེལ་འདྲེན། ཡང་ན་གཉེན་ཉེ་དུའི་རོགས་རམ་ཞུ་དགོས་མི་དགོས་སོགས་ཕྱོགས་མང་པོར་བསམ་བློ་གཏོང་དགོས།
འབྲོག་ས་གསར་བར་ཐོན་ཚེ། མྱུར་དུ་སྦྲ་གུར་དབུབ་དགོས། སྦྲ་གུར་འབུབས་པ་ལ་མཐུན་སྒྲིལ་དང་སྟོབས་ཤུགས། ཉམས་མྱོང་སོགས་དགོས་ཏེ། སྤྱིར་བཏང་དུ། སྦྲ་གུར་གྱི་ཕྱོགས་གཉིས་ཀ་མཉམ་དུ་བཞག་སྟེ། སྦྲ་གུར་ཐང་ལ་བཏིངས་པ་དང་། དེ་ནས་གདུང་མ་གསུམ་པོ་རང་རང་གི་ཁུང་ལ་བརྒྱུས། དེ་ནས་ཀ་རས་གདུང་མ་ཡར་བཏེགས་པའོ། དཀྱིལ་གྱི་གདུང་མས་སྦྲ་གུར་གྱི་ལྗིད་ཕལ་ཆེར་ཐེག་པས། ཐོག་མར་དཀྱིལ་གྱི་གདུང་མ་ཡར་གདེག དེ་ནས་གདུང་མ་གཞན་གཉིས་ཡར་འདེད། འདིའི་སྐབས་སུ་མི་རེ་གཉིས་ཀྱི་དེའི་སྔོན་དཀྱིལ་གྱི་གདུང་མ་གཏན་འཇགས་དེ་སྐྱོར་བ་དང་། གདུང་མ་གཞན་གཉིས་པོ་མཁའ་ལ་བཏེགས་ནས་སྲ་མོ་བྱས་རྗེས། ཟུར་བཞིའི་ཐག་པ་སྲ་མོར་བསྡམས་པ་ནི་སྦྲ་གུར་ཕུབ་པའི་གོ་རིམ་མོ། །སྦྲ་གུར་ཕུབ་རྗེས། ཇ་ལག་མཁོ་ཆས་ཡོད་ཚད་རང་སར་བཞག་ན་ཁྱིམ་གཞིས་གསར་བ་ཞིག་མིག་ལམ་དུ་བསྟར་བ་ལགས་སོ། །