Skip to main content
རྟ་རྒྱུག་གི་དུས་ཆེན།
Shamo Thar

རྟ་རྒྱུག་རྒྱལ་འཇོག་ཞེས་པ་ནི་གླིང་གེ་སར་རྒྱལ་པའི་སྒྲུང་ཞིག་སྟེ་ཇོ་རུ་རྟ་རྒྱུག་ལ་བརྟེན་ནས་སེང་ཆེན་ནོར་བུ་དགྲ་འདུལ་གསེར་ཁྲི་རུ་འཁོད་པའི་སྒྲུང་ཞིག་རེད། དེས་བོད་ལ་གནའ་ནས་རྟ་རྒྱུག་ནི་གལ་ཆེ་བའི་རྩེད་མོ་ཞིག་ཡིན་པ་བསྟན་ཡོད། བོད་གངས་ཅན་ལྗོངས་ཀྱི་ས་ཆ་མང་ཆེ་ཤོས་ས་མཐོ་ལ་གྲང་ངར་ཆེ། དགུན་ཡུན་རིང་ལ་དབྱར་ཐག་ཐུང་། ཡ་ངར་བའི་ཁ་བ་དང་འཁྱགས་རོམ་གྱིས་བསྡོམས་པའི་ས་གཞི་དེ་དྲོད་འཇམ་དབྱར་གྱི་གནམ་གཤིས་ཀྱིས་རི་ཀླུང་སྤང་ལྗོངས་ཡོངས་ལ་ལྗོང་ཐིང་ངེའི་མཛེས་སྡུག་དང་ཁྲ་ལམ་མེའི་མེ་ཏོག་གིས་བརྒྱན་སྤྲས། དབྱར་ཁ་ནི་ཆེས་མཛེས་སྡུག་ལྡན་པའི་ནམ་ཟླ་ཡིན་པས་ཞིང་འབྲོག་མི་མང་རྣམས་ཀྱིས་དབྱར་ཁའི་ནམ་ཟླ་ཐུང་ཐུང་དེ་མ་ཤོར་གོང་དུ་སྤང་ལྗོང་ནེའུ་གསིང་དུ་བཟའ་བཏུང་།གླུ་གར་གྱི་དཔལ་ལ་རོལ་ཅི་ཐུབ་བྱེད། རྟ་རྒྱུག་ནི་འབྲོག་ཁུལ་དུ་དར་ཁྱབ་ཆེ་ནི་བོད་ཀྱི་རྩེད་མོ་ཞིག་སྟེ་དེ་ནི་འདོ་བའི་བང་རྩལ་འགྲན་རྩོད་ཁོ་ན་མ་ཡིན་པར་མི་མང་པོ་དུས་མཉམ་དུ་གནས་གཅིག་ཏུ་འཛོམས་ནས་ཉོ་ཚོང་གི་བྱ་འགུལ་སོགས་འགྲེམ་སྤེལ་བྱེད་པའི་གོ་སྐབས་ཞིག་ཀྱང་རེད། ས་ཆ་དང་རྩ་འཛུགས་མཁན་ལ་ལྟོས་ནས་རྟ་རྒྱུག་དུས་ཆེན་ལ་ཡང་ཡུལ་ཚོ་དང།རྫོང་།ཁུལ་བཅས་ཀྱི་ཆེ་ཆུང་རིམ་པ་མི་འདྲ་བ་ཡོད།

ཡུལ་ཚོ་དང་དགོན་སྡེ་ཡིས་རྩ་འཛུགས་བྱས་པའི་ལུང་ལུང་པ་སོ་སོར་གྱི་རྟ་རྒྱུག་རྒྱ་ཆེ་ཆུང་གྲངས་མང་ཡོད་ཀྱང་མང་ཤོས་ནི་ཡུལ་མི་རང་རང་གི་རོལ་རྩེད་ཙམ་ལས་ཕྱིའི་ལྟད་མོ་བའི་སྤྱན་ལམ་གཟིགས་འབུལ་དུ་གྱུར་མེད། འོན་ཀྱང་ཡུལ་ཤུལ་རྟ་རྒྱུག ནག་ཆུ་རྟ་རྒྱུག ལེབ་ཐང་རྟ་རྒྱུག རྒྱལ་རྩེ་རྟ་རྒྱུག རྨ་ཆུ་རྟ་རྒྱུག་བཅས་ནི་མདོ་དབུས་ཁམས་སུ་ཆེས་མིང་དུ་གྲགས་པའི་རྟ་རྒྱུག་དུས་ཆེན་ཡིན་པས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་མང་པོ་ཞིག་རྟ་རྒྱུག་གི་སྒྱུལ་རྩལ་དམིགས་སུ་བཀར་ནས་ལྟད་མོ་བའི་གྲས་ཞུགས་པ་ཇེ་མང་རེད།

གཟུགས་མཐོང་བརྙན་པར།

ལོ་རེའི་སྤྱི་ཟླ་བདུན་པའི་ཚེས་༢༥་ནས་༣༡བར།ཡུལ་ཤུལ་རྟ་རྒྱུག་གི་དུས་ཆེན་རེད།མིང་དུ་རྟ་རྒྱུག་ཟེར་ལ་དོན་དུ་རྩེད་མོའི་སྒྱུ་རྩལ་མང་པོ་འདུས་ཡོད། དཔེར་ན། རྟ་ཐོག་ནས་བོའུ་འཕེན་པ། སྒ་འགྱུར་བྱེད་པ། འདོ་བའི་བང་རྩལ་འགྲན་པ། གླུ་གཞས། ཞབས་བྲོ།འཆམ། ཤོམས་སྟོན་སོགས་ལྟད་པོ་མང་པོ་ཡོད། དེ་ལས་བོའུ་རྩེད་དང་སྒ་འགྱུར་བྱེད་པ་ནི་ཆེས་ཐུན་མོང་མ་ཡིན་པའི་རྟ་རྩེད་རེད།

བོའུ་འཕེན་དུས་ཐོག་མར་རྟ་བ་གཅིག་གིས་རྟ་ཕོ་ལྕག་གིས་གཞུས་ནས་སྔོན་དུ་རྟ་སྣ་འདྲེན་པ་དང་དེ་ནས་རྟ་བ་གཉིས་པ་དེས་ལག་གཡས་སུ་བོའུ་ཕྲ་རིང་ཞིག་དལ་མོས་གཡས་བསྐོར་གཡོན་བསྐོར་ལན་འགའ་བྱས་རྗེས་བོའུ་ཁ་འབེན་ཐོག་ཏུ་བཏད་ནས་འཕངས། འགའ་རེས་སྒྱུལ་རྩལ་ངོམས་ཆེད་ཏུ་བོའུ་དེ་རྟ་ཕོའི་མཆན་འོག་དང་མཇིང་འོག་ནས་ཕར་ལེན་ཚུར་ལེན་བྱས་རྗེས་ད་གཟོད་བོའུ་འབེན་ཐོག་ཏུ་འཕངས། སྐབས་འགའ་རེར་བྱ་ལྟར་བསྐྱོད་པའི་རྟ་ཐོག་ནས་བོའུ་ཁ་འབེན་ཐོག་ཏུ་འཁེལ་དཀའ་བས་མདའ་སྟོང་འཕེན་དུ་གྱུར། སྐབས་འགར་མེ་མདའ་འཕངས་ཡང་བོའུ་དེ་ཁ་མ་གྲགས་པས་ལྐུགས་པ་ལྟར་གྱུར། སྐབས་འགར་བོའུ་ཁ་འབེན་ཐོག་ཏུ་འཁེལ་ནས་འབེན་དེ་བྱ་སྤུ་རླུང་གིས་གཏོར་འདྲ་བྱེད། ལྟད་མོ་བའི་མི་འབོར་ཀློང་ནས་བསྟོད་སྔགས་དང་འཕྱ་སྨོད་ཀྱི་ཀྭི་སྒྲ་དང་བགད་སྒྲ་ཁེངས།

འགྲེམས་སྟོན་ཁང།

དེ་བཞིན་དུ་སྒ་འགྱུར་བྱེད་དུས་ཀྱང་སྔོན་དུ་རྟ་བ་ཞིག་གིས་རྟ་སྣ་འདྲེན་པ་དང་དེའི་རྗེས་ནས་ནང་ལྭ་ཕུ་རིང་གོན་མཁན་གྱི་རྟ་བ་གཅིག་རྗེས་གཉིས་མཐུད་དུ་བྱ་རྒྱལ་རྒོད་པོའི་གཤོག་འགྱུར་བཞིན་དུ་གཡས་བསྐོར་གཡོན་བསྐོར་བྱེད་རྗེས་ལྷམ་སྣ་ཡོབ་ཆེན་དུ་དམ་པོ་སྦྲེལ་ནས་ལུས་པོ་ཡོངས་སུ་ལྟག་རྒྱབ་ཏུ་འགྱེལ་ནས་དཔུང་གཉིས་དང་མགོ་ཕྲག་བཅས་སྤང་ཐོག་ཏུ་དྲུད་པ་བྱེད། ལྟད་མོ་བ་ཚོས་གཟེངས་བསྟོད་འུད་སྒྲ་ཀི་འབོད་ནམ་མཁའ་ཁེངས་པའི་ཚུལ་དེ་གླིང་སྒྲུང་དཔའ་རྟུལ་རྣམས་གཡུལ་ལ་ཆས་གྲབས་པའི་བརྙན་སྣང་ཞིག་སྟེར།

རྟ་རྒྱུག་ནི་སྐྱེས་ཕོ་རབས་ཁོ་ནའི་རྩེད་མོ་ཞིག་ཡིན་པ་སྨོས་མི་དགོས། རྟ་རྒྱུག་སྒྱུ་རྩལ་ནི་གཡུལ་འབྱེད་ལ་གྲ་སྒྲིག་དང་ཡང་ན་གཡུལ་འབྱེད་ཉམས་མྱོང་ལས་བྱུང་པའི་སྒྱུ་རྩལ་ཞིག་ཀྱང་ཡིན་སྲིད།ཞི་བདེའི་འཚོ་བར་ཡུན་རིང་གོམས་སོང་བའི་མི་རྣམས་ལ་ཚོན་ན་རྟ་རྒྱུག་དང་གཡུལ་འབྱེད་བར་ལ་འབྲེལ་བ་ཡོད་མེད་ཁོ་ཚོའི་བསམ་ཡུལ་ལས་འདས་ཡོད་སྙམ།རྟ་རྒྱུག་གི་དམིགས་ཡུལ་དང་རྒྱུ་མཚན་ལོ་རྒྱུས་འགྱུར་ལྡོག་དང་དུས་རབས་གོམ་འགྲོས་དང་བསྟུན་ནས་གྱུར་ནས་འགྱུར་བཞིན་ཡོད། དེ་རིང་རྟ་རྒྱུག་དུས་ཆེན་ནི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་བྱ་འགུལ་ཞིག་ཡིན་པ་ཚད།ས་གནས་དཔལ་འབྱོར་འཕེལ་རྒྱས་བཏང་བར་ནུས་པ་འདོན་པའི་བྱ་བཞག་ཞིག་ཀྱང་རེད།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.