འབྲོག་ལས་ནི་འཚོ་བ་རོལ་སྟངས་གཞན་དང་མི་འདྲ་བར་ནམ་ཟླ་དང་བསྟུན་དགོས་ཤིང་། དེ་ཡང་དགུན་དུས་དང་དཔྱིད་དུས་ནི་གནམ་གཤིས་གྲང་ངར་ཆེ་བས། གངས་ཐན་སོགས་ཀྱི་རྐྱེན་གྱིས་འཚོ་བའི་འབྱུང་ཁུངས་ཏེ་རྩྭ་ཐང་བརླགས་པས་མུ་གེ་ཡོང་སྲིད་པ་དང་། དབྱར་དུས་དང་སྟོན་དུས་ནི་ནམ་ཟླའི་རྐྱེན་གྱིས་མི་རྣམས་བྲེལ་བ་ཆེ་ཞིང་སྟོབས་ཤུགས་ཀྱིས་ཁེངས་ཡོད།
གྲང་ངར་ལྡན་པའི་དགུན་གྱི་དུས་ཚོད་འགྲོ་ཐབས་ཀྱི་སླད་དུ། འབྲོག་པའི་སྐྱེས་པ་དང་དར་མ་རྣམས་ནས་བརྩེ་འཇོ་སྣ་ཚོགས་ལ་རོལ། དབྱར་གྱི་དུས་སུའང་བརྩེ་འཇོ་སྣ་ཚོགས་རོལ་རྒྱུ་མཆིས་མོད། དགུན་དུས་སུ་ཕྱི་རོལ་གྲང་ངར་གྱི་དབང་གིས་ཁང་ཁྱིམ་ནང་ནས་རོལ་བའི་བརྩེ་འཇོ་མང་ངོ་།
གཟུགས་མཐོང་བརྙན་པར།
རྒྱུན་མཐོང་གི་དབྱར་གའི་དུས་སུ་རོལ་བའི་འགྲན་བསྡུར་ནི་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་ནས་སྤེལ་བ་སྟེ། དཔེར་ན། དབྱར་གྱི་དུས་སུ་དགའ་བསུ་ཆེར་ཐོབ་པའི་གནས་རིའི་དུས་སྟོན་གྱི་སྐབས་སུ། སྐྱེ་བོ་ཀུན་ནས་དར་ལྕོག་འཐེན་པ་དང་། རླུང་རྟ་སྤུར་བ་སོགས་ཡུལ་ལྷ་གཞི་བདག་དག་ལ་མཆོད་པ་བྱེད་ལ། དེ་དང་བསྟུན་ནས་བརྩེ་འཇོ་སྣ་ཚོགས་ཏེ་རྟ་རྒྱུག་དང་། གླུ་དབྱངས་འགྲན་བསྡུར་སོགས་ན་ཚོད་དང་བསྟུན་པའི་བྱེད་སྒོ་སྣ་ཚོགས་སྤེལ་བ་མ་ཟད། ཐག་མཆོངས་དང་། ཐད་མཆོངས། འཇུ་རེས། ཐག་འཐེན་སོགས་བྱེད་ལ། དེ་མིན་དར་སོ་ཆེ་བའི་བརྩེ་མོའི་རིགས་ཏེ་ལག་བརྩེ་སྤོ་ལོ་དང་རྐང་བརྩེ་སྤོ་ལོ་སོགས་ཀྱི་འགྲན་བསྡུར་ཀྱང་གང་སར་མཐོང་ཐུབ།
འགྲེམས་སྟོན་ཁང།
རྣམ་རྒྱལ་ཚེ་བརྟན་དང་ཁོང་གི་གྲོགས་པོ་ཚོ་མིག་མང་རྩེད་བཞིན་པ།
Wuqi ཡིས་པར་བླངས།
ལྷ་མོ་དོན་འགྲུབ་དང་ཁོང་གི་ཁྱིམ་མི་དག་རྩེད་མོ་རྩེད་བཞིན་པ།
Wuqi ཡིས་པར་བླངས།
རྣམ་རྒྱལ་ཚེ་བརྟན་དང་ཚེ་བཟུང་སྐྱིད་གཉིས་ཐེ་གེ་རྩེད་བཞིན་པ།
Wuqi ཡིས་པར་བླངས།
རྣམ་རྒྱལ་ཚེ་བརྟན་དང་ཚེ་བཟུང་སྐྱིད་གཉིས་ར་ཁྱབ་རྩེད་བཞིན་པ།
Wuqi ཡིས་པར་བླངས།
དགུན་གྱི་དུས་སུ་ཁང་ཁྱིམ་ནང་དར་སོ་ཆེ་བའི་བརྩེ་འཇོའི་རིགས་གཙོ་བོ་ནི། བོད་ཀྱི་མིག་མངས་དང་། ཤོ་བག རྒྱལ་སྤྱིའི་མིག་མངས། དེ་མིན་མཱ་ཅང་སོགས་ཡིན་ལ། དཔེར་ན། བོད་ཤོ་ནི་བོད་ཀྱི་སྲོལ་རྒྱུན་གྱི་བརྩེ་མོའི་རིགས་ཡིན་པས་དམངས་ཚོགས་ཁྲོད་དགའ་བསུ་ཆེར་ཐོབ། ཤོ་བག་ནི་སྐབས་སུ་རྒྱན་བཙུགས་དང་འབྲེལ་བས་དར་མའི་རིགས་བརྩེ་བར་དགའ་མོད་རྒན་པའི་གྲས་སུ་དགའ་བསུ་མི་ཐོབ་པ་ཡིན།
སྲོལ་རྒྱུན་གྱི་བྱིས་པའི་བརྩེ་འཇོའི་སྐོར་ལ། གྲངས་བརྩིའི་བརྩེ་མོ་དང་། གབ་སྦད་ཀྱི་བརྩེ་མོ། ནོར་ལུག་གི་ལྷ་ངའི་རུས་པ་སྟེ་ཐེ་གེའི་བརྩེ་མོ་སོགས་མང་ལ། རྒན་པའི་སློབ་སྟོན་འོག་མགྱོགས་མྱུར་ངང་ཤེས་སླ་ཞིང་། བྱིས་པའི་བརྩེ་འཇོ་ཕལ་ཆེར་ནི་འབྱོར་སླ་བའི་རུས་པ་དང་ཆུ་རྡོ་སོགས་ཡིན་ལ། སློབ་སྦྱོང་དང་བརྩེ་འཇོ་གཉིས་ཀའི་རྣམ་པ་དང་ལྡན་པའོ།