Skip to main content
བོད་ཀྱི་དམངས་ཁྲོད་ལག་བཟོས་ཐོན་རྫས་དང་སྒྱུ་རྩལ་པ།
Sharmo Thar

བོད་ཀྱི་དམངས་ཁྲོད་ལག་བཟོས་ཐོན་རྫས་ནི་རྒྱུན་པར་རྩོམ་རིག་དང་རོལ་མོ།ཆོས་ལུགས།གོམས་སྲོལ་གཞིར་བཟུང་སྟེ་གསར་རྩོམ་བྱ་བ་དང་ཆབས་ཅིག་མི་དམངས་ཀྱི་དངོས་བོ་དང་བསམ་བློའི་འཆོ་བར་ཤན་ཤུགས་ཐེབས་ཀྱི་ཡོད། དེའི་ཁྲོད་དུ་བོད་རྒྱུད་ནང་བསྟན་རིག་གནས་ཀྱིས་བོད་ཀྱི་དམངས་ཁྲོད་ལག་བཟོས་ཐོན་རྫས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།དམངས་ཁྲོད་ཀྱི་ལག་བཟོས་ཐོན་རྫས་ཕལ་ཆེ་བར་བཟོ་སྐྲུན་གྱི་གོ་རིམ་ཁྲོད་ནང་བསྟན་གྱི་རྒྱུ་རྐྱེན་དང་དམངས་ཁྲོད་གཏམ་རྒྱུད་ནང་དུ་བསྲེས་ཡོད།བོད་ཀྱི་དམངས་ཁྲོད་ལག་བཟོས་ཐོན་རྫས་ལ་རིགས་མང་པོ་དང་་ཕུན་སུམ་ཚོགས་པོ་ཡོད།ཉིན་རེའི་འགྲོ་འཆག་ཉལ་འདུག་གི་ཡོ་ཆས་ལ་ས་གདན་དང་ཤིང་ཕོར།ཐང་ག ཕྱིང་བ། ཞལ་འབག རྡོ་མ་ཎི། སྦྲ་གུར། སྒོ་ཡོལ་སོགས་ཡོད།བོད་ཀྱི་ས་ཆ་ཁ་ཅིག་ཏུ་དུས་རྒྱུན་ལག་བཟོས་སྒྱུ་རྩལ་ཐོན་རྫས་ཁྲ་ཆིལ་ཆིལ་དུ་མཐོང་ཐུབ་ལ།ལག་བཟོས་སྒྱུ་རྩལ་པ་འཇོན་ཐང་ཆེན་པོ་ཅན་གནས་ཡོད།

༢༠༡༩ལོའི་ཚེས་མགོར།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གཟུགས་འདས་རིག་གནས་ཤུལ་རྫས་ཉམས་ཞིབ་ཁང་དངོས་སུ་ཚུགས།ཉམས་ཞིབ་ཁང་དེ་ཁམས་པའི་རིག་གནས་རྫོང་མཐུག་པའི་ཡུལ་ཤུལ་དཔལ་ཐང་ཆུ་བོ་དང་བྱ་ཆུ་གཉིས་ཀྱི་འདྲེས་མདོ་རུ་ཆགས་ཡོད།འདི་གནའ་བོའི་ལུགས་ཀྱིས་མཛེས་སྤྲོས་དང་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཁང་རྩེག་ཆུང་ཆུང་ཞིག་རེད།གནས་འདི་ནས་ཡུལ་སྐོར་བ་དང་ཡུལ་མི་རྣམས་ཀྱིས་ཡུལ་དངོས་སུ་ཐོག་མར་ཉམས་ཞིབ་ཁང་དུ་ཞུགས་པའི་གཟུགས་འདས་རིག་གནས་རྒྱུད་འཛིན་པ་བརྒྱད་ཀྱི་ལག་བཟོས་ཐོན་རྫས་ལས་སྣོན་དང་ལས་བཟོ་བྱེད་པའི་རྣམ་པར་ལྟ་ཞིབ་དང་བླུ་ཉོ་བྱེད་ཆོག ཉམས་ཞིབ་ལྟེ་བ་ནི་བོད་ཀྱི་དམངས་ཁྲོད་ལག་བཟོས་ཐོན་རྫས་ཀྱི་བསྡུས་རིས་ལྟ་བུ་ཞིག་ཡིན་ལ།འདིའི་ནང་ཞུགས་པའི་སྒྱུ་རྩལ་པ་རྣམས་ཀྱང་མཚོན་དཔེ་ལྡན་པའི་མི་སྣ་དག་རེད།དེའི་ཁྲོད་ཀྱི་དཔལ་ལྡན་ཚེ་རིང་ནི་ལོ་རྒྱུས་གཏམ་རྒྱུད་མང་པོའི་སྒྱུ་རྩལ་པ་ཞིག་རེད།

གཟུགས་མཐོང་བརྙན་པར།

དཔལ་ལྡན་ཚེ་རིང་ནི་ལྷ་སྐུ་དང་ཞལ་འབག་གཙོ་བོར་བཞེངས་པའི་སྨན་གྱི་འཇིམ་བརྙན་བཞེངས་མཁན་ཞིག་རེད།དེ་མིན་ད་དུང་ཁོ་ས་རྫའི་ཅ་ལག་དང་ཐང་ག ཤིང་བརྐོས་སོགས་ཀྱི་བཟོ་རྩལ་ལའང་མཁས། དགོང་ལོ་༡༥ནས་བཟུང་གྲོང་པའི་ནང་གི་བགྲེས་པོ་ཞིག་མདུན་སར་ཉིན་རེར་ཆུ་ཚོད་༡༢ཡན་དུ་འབྲི་བཟོའི་ལག་རྩལ་སྦྱངས། དཔལ་ལྡན་ཚེ་རིང་གིས་རྒྱུན་པར་འཇིམ་སྐུ་བཞེངས་དུས།འཇིམ་གོང་འགའ་ཁྱེར་ཡོང་སྟེ་ལྕགས་དབྱུག་གིས་འཇིམ་གོང་འདུལ་བར་བྱ།འཇིམ་གོང་འདུལ་བའི་ཞོར་དུ་ཁ་ནས་གསུང་ཆོསའདོན།མཐའ་མར་བཏུལ་ཚར་བའི་འཇིམ་གོང་རྣམ་འབྱིག་ཁུག་ཅིག་ལ་སྡུད་གསོག་བྱ།སྨན་གྱི་འཇིམ་བརྙན་གྱི་ཁྱད་ཆོས་གཙོ་བོ་ནི་ཞལ་འབག་བཞེངས་པའི་གོ་རིམ་ཁྲོད་བོད་སྨན་དང་བོད་སྤོས་རྩ་ཆེན་པོ་འགའ་རེ་བསྲེས་སྦྱོར་བྱས་ཡོད།འདི་ལྟར་བཞེངས་སྐྲུན་བྱས་པའི་ཞལ་འབག་ཁ་དོག་མཛེས་ཤིང་རྒྱུ་སྤུས་ལེགས།ད་དུང་དྲི་ཞིམ་ལྡན།ཚེ་རིང་དཔལ་ལྡན་ནི་རིག་གནས་ཅན་གྱི་སྒྱུ་རྩལ་རྒྱུད་འཛིན་པ་ཞིག་ཡིན་པར་མ་ཟད།སྤྱི་ཚོགས་སྟེང་འགན་འཁྲི་གལ་ཆེན་ཁུར་བཞེས་གནང་ཡོད་པ་ཞིག་རེད།༢༠༡༢ལོར་ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གླིང་གིས་ཁོ་རང་བཟོ་བཀོད་མཛེས་རྩལ་ཆེད་ལས་དགེ་རྒན་ལ་གདན་དྲངས་ཏེ།སྨན་གྱི་འཇིམ་བརྙན་སྒྱུ་རྩལ་པ་དང་རིག་གནས་ཤུལ་འཛིན་པ་གསོ་སྐྱོང་བྱས།༢༠༡༥ལོར་ཁོ་རང་སྒེར་གྱི་ཀུང་ཟི་སྟེ།ཡུལ་ཤུལ་དཔལ་ལྡན་དམངས་ཁྲོད་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་བཙུགས་ནས་ཚོང་རའི་ལམ་དུ་ཞུགས།དུས་ཡུན་རིང་བོའི་སྒྱུ་རྩལ་གསར་རྩོམ་གྱི་ལག་ལེན་ཁྲོད།དཔལ་ལྡན་གྱིས་སྨན་གྱི་འཇིམ་བརྙན་བཞེངས་སྐྲུན་གྱི་སྲོལ་ལུགས་རྒྱུད་འཛིན་གྱི་རྨང་གཞིའི་སྟེང་ཧུར་ཐག་གིས་རྟོག་ཞིབ་དང་གསར་གཏོད་ཆེན་པོས་ལུགས་སོ་སོའི་ལེགས་ཆ་ཉིང་བསྡུས་བྱས་ཏེ་རང་གི་ཐུན་མིན་གྱི་སྒྱུ་རྩལ་ཁྱད་ཆོས་གྲུབ་ཡོད།ཁོ་ནི་ཡུལ་ཤུལ་ཁུལ་རིམ་པའི་སྨན་གྱི་འཇིམ་བརྙན་རྒྱུད་འཛིན་པ་ཡིན་ལ།མཚོན་དཔེའི་བརྩམས་ཆོས་སུ་《ཆོས་སྐྱོང་》གི་ཞལ་འབག་བཞེངས་ཡོད།ཁོའི་ཆེད་ལས་ལག་རྩལ་གོང་འཕེལ་བྱུང་བ་དང་བསྟུན་ནས་གཟེངས་རྟགས་བྱ་དགའ་ཡང་བསྟུད་མར་ཐོབ་མྱོང་སྟེ།༢༠༡༡ལོར་ཡུལ་ཤུལ་ཁུལ་རིག་གནས་ལས་རྩལ་ཅུའུ་ཡིས་སྣ་འཛོམས་རིགས་ཀྱི་ཁུལ་རིམ་པའི་དམངས་ཁྲོད་བཟོ་བཀོད་མཛེས་རྩལ་མཁན་གྱི་མཚན་སྙན་གནང་།

གཟུགས་མཐོང་བརྙན་པར།

ཡུལ་ཤུལ་ཁུལ་གཟུགས་འདས་རིག་གནས་ཤུལ་རྫས་ཉམས་ཞིབ་ཁང་ནས་ཚེ་རིང་དཔལ་ལྡན་གྱིས་བཟོ་སྐྲུན་གནང་བའི་བརྩམས་ཆོས་ལེགས་པོར་ཉམས་སུ་མྱོང་ཐུབ་པ་དང་། ཁོ་དང་འདྲ་བའི་གཟུགས་འདས་རིག་གནས་རྒྱུད་འཛིན་བྱ་མཁན་ལ་དཀོན་མཆོག་ཆོས་འཛིན་དང་གཡང་སྒྲོན་ལྟ་བུའི་མི་མགོ་བརྒྱད་ཀྱིས་ཉམས་ཞིབ་ཁང་ནས་མི་རྣམས་ལ་རིག་གནས་ཐོན་རྫས་འདྲ་མིན་བཀྲམ་སྟོན་དང་ཕྱིར་ཚོང་རྒྱག་བཞིན་ཡོད།ཁོ་ཚོ་ཚང་མ་གཟུགས་འདས་རིག་གནས་ཤུལ་རྫས་ཀྱི་རྒྱུད་འཛིན་མཁན་དང་བོད་ཀྱི་དམངས་ཁྲོད་ལག་བཟོས་ཐོན་རྫས་སྲུང་སྐྱོབ་གནང་མཁན་རེད།སོ་སོར་སོ་སོའི་ཁྱད་ཆོས་ཡོད། དཔེར་ན།དཀོན་མཆོག་ཆོས་འཛིན་ནི་མ་ཎི་རྡོ་བརྐོ་ལ་མཁས།རྡོ་མ་ཎི་ཡིས་བོད་ཀྱི་དད་སེམས་བརྟན་པོ་མཚོན།མ་ཎི་རྡོ་བརྐོས་ལ་ལོ་རྒྱུས་རིང་བོ་ཡོད།ད་དུང་གཡང་སྒྲོན་ནི་གཟུགས་འདས་རིག་གནས་རྒྱུད་འཛིན་མཁན་སྐྱེས་མ་ཞིག་ཡིན་པའི་ཆ་ནས་ཉམས་ཞིབ་ཁང་ནང་ཁོ་མོའི་ཕྱིང་བ་བཟོ་བའི་རྣམ་པར་བལྟ་ཆོག འདི་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཁྱིམ་སྤྱོད་དངོས་རྫས་རེད།ཉམས་ཞིབ་ཁང་དུ་ད་དུང་བོད་གྲི་དང་ཐང་ག རྫ་ཆས་བཅས་ཐོན་རྫས་གཞན་ཡང་ཡོད།

བོད་ཀྱི་ལག་བཟོས་སྒྱུ་རྩལ་ཐོན་རྫས་ནི་བོད་ཀྱི་རིག་གནས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་མི་རིགས་ཀྱི་བློ་གྲོས་ཉིང་བཅུད་ཡིན།ལག་བཟོས་ཐོན་རྫས་འདི་དག་གི་ཁྲོད་དུ་མི་རིགས་འདིའི་སྒྱུ་རྩལ་གྱི་ལྟ་བ་དང་མཛེས་དཔྱོད་ཀྱི་རིན་ཐང་འདུས་ཡོད།བོད་རིགས་མི་དམངས་ནི་ཁ་དོག་ལ་བཀྲག་མདངས་བཀྲ་བ་དང་གཟུགས་དབྱིབས་ལ་འཇམ་མཛེས་ལྡན་པ།མི་རིགས་ཀྱི་ཁྱད་ཆོས་མངོན་པར་བཏོད་པའི་ལག་བཟོས་ཐོན་རྫས་ལ་དགའ་བོ་ཡོད་པས་བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་ལགས་བཟོས་ཐོན་རྫས་ཀྱི་རྒྱུ་ཆར་དཔེར་ན་རག་རྡོ་དང་གུར་གུམ།མུ་ཏིག་ལྟ་བུའི་རང་བྱུང་གི་རྒྱུ་ཆ་སྤྱོད་པ་ཤས་ཆེ།བོད་ཀྱི་ལག་བཟོས་ཐོན་རྫས་ནི་འཛམ་གླིང་དཔལ་འབྱོར་གོང་བུ་གཅིག་གྱུར་ཅན་དང་འཛམ་གླིང་རིག་གནས་མཉམ་འདྲེས་འབྱུང་བའི་དེ་རིང་གི་དུས་འདིར།མུ་མཐུད་དུ་ནར་སོན་བཞིན་ཡོད་དེ།རིམ་པར་འཇིག་ཉེན་ཡང་འབྱུང་བཞིན་ཡོད།མཇུག་མཐར་ལག་བཟོས་སྒྱུ་རྩལ་པ་རྣམས་ཀྱི་ཕྲག་ཏུ་བབ་པའི་ལག་བཟོས་ཐོན་རྫས་སྲུང་སྐྱོབ་དང་གསར་གཏོད།རྒྱུད་འཛིན་གྱི་འགན་འཁྲི་ནི་རླབས་ཆེ་ཞིང་དོར་ཐབས་མེད་པ་ཞིག་རེད།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.