བོད་པའི་གྱོན་ཆས་ལ་ཡུན་རིང་ཞིང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ལྡན། རིག་གནས་དང་ཁོར་ཡུག་མི་འདྲ་བས། གྱོན་ཆས་ལའང་རྣམ་པ་སྣ་ཚོགས་ཤིག་སྣང་། བོད་པའི་གྱོན་ཆས་ཀྱིས་ཡུལ་དེའི་མི་ཡི་གཤིས་རྒྱུད་དང་རིག་གནས་ཀྱི་ཁྱད་པར་མཚོན་པས། ཚབ་མཚོན་གྱི་ནུས་པ་ཐོན། རིག་གནས་ཀྱི་སྣང་ཚུལ་གཞན་དང་མི་འདྲ་བར། གྱོན་ཆས་གང་ཞིག་གོན་པ་ནི་གཉེན་སྒྲིག་དང་ལོ་གསར། ཆོས་ཆོག་གམ་མྱ་ངན་སོགས་ཁོར་ཡུག་ཁྱད་པར་བ་དང་དམ་དུ་འབྲེལ་ལ། ཕོ་མོའི་གྱོན་ཆས་ལའང་ཧེ་བག་ཆེའོ། །
བོད་པ་ལ་ཕྱུགས་ལས་གཙོ་ཞིང་འཚོ་གཞིས་འབྲོག་ཁུལ་གྱི་ནམ་ཟླ་སྐམ་ལ་རླན་ཤེད་ཆུང། དགུན་དུས་ནི་གྲང་ངར་ཆེ་ལ་ཡུན་རིང་བས། འབྲོག་མའི་གྱོན་ཆས་ཕལ་མོ་ཆེ་ལྗིད་ཅིང་མཐུག་ལ། ཕྱུགས་ཀྱི་པགས་པས་བཟོས་པ་འབའ་ཞིག་གོ །སྲོག་ཆགས་ཀྱི་པགས་པས་བཟོས་པའི་ལྭ་རིང་དེས་ཉིན་མོའི་གོན་པ་དང་དགོང་ཁའི་ཉལ་ཐུལ་གཉིས་ཀྱི་གོ་ཆོད། བོད་ལྭ་ནི་ཁོད་ཡངས་ཤིང་ལྗིད་པོ་ཞིག་ཡིན་པས། རུམ་དུ་བྱིས་པ་བཅུག་ཀྱང་ཆོག་ལ། མཚན་མོའི་དུས་སུ་ཉལ་ཐུལ་བྱས་ཏེ་མ་བུ་གཉིས་ཀྱིས་ལོངས་སུ་སྤྱད་ཀྱང་རུང་བ་མ་ཟད། ལུག་བལ་གྱིས་བཟོས་པའི་སྐ་རགས་ནི་སྐ་རགས་ཙམ་མིན་པར། སྐེད་པར་དམ་པོར་བཅིངས་རྗེས་དེའི་སྣེ་མོར་ད་དུང་མཁོ་ཆས་སྣ་ཚོགས་དཔྱང་ཆོག
ལུག་བལ་གྱིས་ལྭ་རིང་བཟོས་རྗེས། དེའི་མཐའ་ལ་རྒྱན་སྣ་ཚོགས་ཀྱིས་སྤྲས་ཡོད་པ་དཔེར་ན། ལྭ་བའི་འོག་མཐའ་དང་ཕུ་རིང་གི་སྣེ་མོ་སོགས་སུ་བལ་ཁུལ་གྱི་རི་མོ་སྣ་ཚོགས་སྤྲས་པ་ལྟ་བུ། རྒྱན་སྤྲས་འདི་དག་གི་ཁ་དོག་དང་། སྐ་རགས་བཟོ་བྱེད་ཀྱི་རྒྱུ་ཆ་སོགས་ཀྱིས་གོན་མཁན་མི་ཡི་རང་གཤིས་དང་གཉེན་སྒྲིག་ཡོད་མེད། སྤྱི་ཚོགས་རྒྱབ་ལྗོངས་སོགས་མཚོན་པའང་ཡོད་པས། རིགས་གཞན་གྱིས་ཡིད་འཇོག་མི་བྱེད་པ་འདི་དག་ཡུལ་མིའི་མིག་ལམ་ན་ཁྱད་པར་ཆེན་པོ་མཆིས་སོ། །
དུས་ཆེན་སྐབས་ཀྱི་གོན་པ་ནི་ཚོན་མདངས་རྣམ་པར་བཀྲ་བའི་དར་གོས་སྣ་ཚོགས་ཀྱིས་གྲུབ་ལ། སྟེང་དུ་ཆོས་འབྲེལ་གྱི་རི་མོ་ཕབ་པ་ཡོད་ལ། སྲམ་དང་གཟུག་གི་པགས་པས་གོས་མཐའ་བརྒྱན་པའང་ཡོད། དེར་མ་ཟད། སྐེ་རྒྱན་དང་མཛུབ་དཀྲིས། རྣ་ལུང་སོགས་རིན་པོ་ཆེའི་རྒྱན་ཆ་སྣ་མང་འདོགས། གྱོན་ཆས་ཀྱི་མདོག་དང་རྒྱུ་ཆ། རྒྱན་སྤྲས་ཀྱི་ཁྱད་པར་སོགས་ཀྱི་བདག་པོ་དེའི་ཁྱིམ་གྱི་རྒྱུ་ནོར་མཚོན་མོད། འབྲོག་པ་མཆིས་སོ་ཅོག་རྒྱུ་ནོར་ལོངས་སྤྱོད་ཀྱིས་ཀུན་ནས་ཕྱུག་པ་ཞིག་གཏན་ནས་མིན་པས། རིན་ཆེན་རྒྱན་ཆ་ཕྱི་ལ་ངོམ་པ་དེ་ལའང་ད་དུང་དཔྱད་པའི་གནས་སོ།
གོན་པ་ཅིག་ཤོས་དེ་སློག་པ་ཡིན་ལ། དེ་ནི་དུས་ཆེན་སྐབས་སུ་གོན་པའི་གྱོན་ཆས་སྤྱིར་བཏང་བ་ཞིག་སྟེ། ཟླ་བ་ཁ་ཤས་ལས་བརྒལ་མེད་པའི་ལུག་པགས་ཀྱིས་བཟོས་པ་འདི་སྤྱིར་བཏང་གི་ལྭ་རིང་དང་མི་འདྲ་བར། ལྭ་བ་གཅིག་བཟོ་སྤྱད་ལ་པགས་པ 8 ནས 10 དགོས་པས་མི་ཚད། དར་མའི་ལྭ་བ་ཡིན་ན། ཕལ་ཆེར་ལུ་གུ་བརྒྱ་ཡི་པགས་བལ་དགོས། འདི་ལྟ་བུའི་སློག་པ་ནི་འཇམ་ཞིང་མཉེན་ལ། ལུས་ལ་གོན་ན་དྲོད་ཁོལ་བསྐྱེད་པས་མི་རྣམས་དེ་ལ་ཤིན་ཏུ་དགའ།
བོད་ཀྱི་འབྲོག་པ་ཚོའི་གྱོན་ཆས་མང་ཤོས་ལུག་པགས་ཀྱིས་བཟོས་པ་ཡིན་མོད། དབྱར་ལ་ཐོན་དུས་གོས་ལྭ་རྒྱུན་མཐོང་ཡིན་པ་ནི། ལུས་ལ་ཡང་ཞིང་སྐྱེལ་འདྲེན་བདེ་བའི་ཕྱིར་རོ། འབྲོག་ཁུལ་གྱི་སྲོལ་རྒྱུན་གྱོན་ཆས་ལ་ད་དུང་བལ་དང་རྩིད་པས་བཟོས་པའི་ཞྭ་མོ་སྣ་ཚོགས་དང་། འབྲི་གཡག་གི་ཀོ་ལས་བཟོས་པའི་ལྷམ་སོགས་ཅི་རིགས་ཡོད།