Skip to main content
གླུ་ལེན།
Namgyal Tsepak

བོད་རིགས་མི་དམངས་ནི་གླུ་ལེན་ལ་དགའ་བའི་མི་རིགས་ཤིག་སྟེ། ཡིད་སེམས་བརྩེ་བ་ཟབ་མོ་རེ་རེ་གླུ་ངག་ལ་དྲངས་ནས་བསྟན་གྱི་ཡོད་ལ། གླུ་ལེན་གྱི་སྒྱུ་རྩལ་གྱི་མཚོན་ཐབས་མཐོ་ཤོས་སུ་བགྲངས་པས། གླུ་ལེན་རིག་གནས་ཀྱིས་འབྲོག་པའི་སྤྱི་ཚོགས་སུ་གོ་གནས་གལ་ཆེན་ཟིན། སུ་ལ་གླུ་ངག་གི་ཡོན་ཏན་ལྡན་ན་དེ་ལ་མི་རྣམས་ཀྱིས་བརྩི་བཀུར་དང་མཐོང་ཆེན་བྱས།

བོད་གླུ་ལ་རིགས་མང་སྟེ། བསྟོད་བསྔགས་ཀྱི་གླུ་ལ། ཕ་ཡུལ་བསྟོད་པ། དཔའ་བོ་བསྟོད་པ། དྲིན་ཕ་མར་བསྟོད་པ། རིགས་དྲུག་སེམས་ཅན་བསྟོད་པ་སོགས་ཡོད། རྟེན་འབྲེལ་གྱི་གླུ་ལ། གཉེན་སྟོན་དང་། ལོ་སར། ལོ་ལེགས། གནས་ཁྱིམ་སྤོ་བ་སོགས་བརྗོད་བྱ་ཕུན་སུམ་ཚོགས། བརྩེ་དུང་མངོན་པའི་གླུ་དང་ཆོས་ཆོག་གི་རོལ་མོ་སོགས་ནི་ཆུ་བོའི་རྒྱུན་བཞིན་དྭངས་ཤིང་གཙང་བས། སྐབས་ཐོག་སྐབས་ཐོག་ཏུ་གསར་བསྐྲུན་བྱ་དགོས། གླུ་རིགས་འདི་དག་ལ་ཐུན་མོང་གི་རིག་གནས་ཁོར་ཡུག་ཅིག་ཡོད་པས། དེ་དག་གིས་མཚོན་པར་བྱ་བ་ནི་མི་མང་པོ་ཞིག་གི་འཚོ་བའི་རྣམ་འགྱུར་དང་རིག་གནས་འདུ་ཤེས་ཡིན་པ་ལས། གང་ཟག་སྒེར་གྱི་དགའ་སྐྱོ་ཆགས་སྡང་མ་ཡིན་ནོ། །

གཟུགས་མཐོང་བརྙན་པར།

འབྲོག་པའི་འཚོ་བ་ན་གླུ་ལེན་ནི་གང་ས་གང་དུ་ཁྱབ་ཡོད། སྤྱིར་བཏང་དུ། གླུ་བྱུང་ས་ནི་དགའ་ཞིང་སྤྲོ་བའི་ཁོར་ཡུག་ཅིག་ལགས་པས། བོད་གླུ་ལ་དགའ་སྤྲོ་དང་རེ་ལྟོས། གདེང་འཇོག་སོགས་ཀྱི་སྤྱིའི་འགྱུར་ཁུགས་ཤིག་མངའ་བ་ལས་སྐྱོ་གདུང་མ་ཡིན་ནོ། བོད་གླུས་མིའི་སེམས་ཀྱི་སྙིང་སྟོབས་ཆེར་བསྐྱེད་ཐུབ་ལ། འཚོ་བ་ལ་བཅིངས་པའི་རེ་ལྟོས་ཀྱང་གླུ་ཡིས་མཚོན་ཆོག  བོད་པ་རྣམས་ཀྱིས་ལྷན་འཛོམས་སོགས་ཀྱི་སྐབས་སུ་གླུ་ལེན་ཤིང་བྲོ་འཁྲབ། གླུ་གཅིག་ཀྱང་ལེན་མི་ཤེས་པའི་མི་ཞིག་འདུ་ཚོགས་ཁྲོན་པའི་དབུས་སུ་བསྡད་ན་ངོ་ཚ་དགོས་པ་ཞིག་ཡིན། བོད་མི་ནི་འགྲོ་ཤེས་པ་ནས་བྲོ་འཁྲབ་ཤེས་པ་དང་། སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་ཞེས་པའི་དཔེ་ལ་བལྟས་ན། གླུ་ལེན་པ་ནི་བོད་མིའི་འཚོ་བར་མེད་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་གོ །

གླུ་ལེན་པ་ནི་སེམས་ཀྱི་བརྩེ་བ་མཚོན་བྱེད་ཀྱི་ཐབས་ཙམ་མིན་པར། གཏམ་རྒྱུད་སོགས་གླུ་ལ་དྲངས་ཏེ་བཤད་པའང་མཆིས་ཏེ། དཔེར་ན། དགོན་པ་དག་གིས་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དེ་དག་གླུ་ཁོ་ནའི་ལམ་ནས་སྒྲོག་པ་དེ་བཞིན་ནོ། དེའི་རྐྱེན། གླུ་ཡིས་ལྷ་མི་ཀུན་ལ་བདེ་སྣང་སྦྱིན་ནོ། །

མཐར་ངེས་པར་བཤད་དགོས་པ་ནི། གླུ་ལེན་ལ་ངག་གི་ནུས་པ་གཙོ་བོ་ཡིན་རུང་། རོལ་ཆས་ཀྱི་རམ་འདེགས་ཀྱང་ཧ་ཅང་མང་བས། གླིང་བུ་དང་མངའ་རིས་སྒྲ་སྙན། འབྲོག་རྭའི་སྒྲ་སྙན། རྔ་སོགས་མང་ངོ་། དགོན་པའི་ཆོས་ཆོག་མང་པོར། རྔ་ཆེན་དང་གླིང་བ། དུང་དང་ཅོང་སོགས་སྤྱད་པ་མང་།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.