Skip to main content
བྱིན་རླབས་ཅན་གྱི་འཇིམ་བཟོ།བོད་ཀྱི་ལི་མ།
Maya Potter

ཉི་མ་ལགས་ཀྱིས་སེམས་ཆུང་ངང་འཇིམ་པའི་ལྷ་སྐུ་ཆུང་ཆུང་ཞིག་གི་གཟུགས་པོ་བཟོ་བཞིན་འདུག།ཉི་མ་ལགས་ཀྱི་མཛུབ་གུའི་ལྷ་སྐུ་དེའི་སྤྱན་དང་ཁ།ལག་པ་ཆུང་ཆུང།སེན་མོ་སོགས་བཟོ་བཞིན་ཡོད།ལྷ་སྐུ་དེ་ནི་ཉི་མ་ལགས་གི་ལག་ན་ཧ་ཅང་གླགས་རྙེད་སླ་བའི་གནས་སུ་གྱུར་འདུག་སྟེ་གལ་ཏེ་ལྷ་སྐུ་དེ་ཁོང་གི་ལག་ནས་མར་ལྷུང་ན་ཆགས་སྐྱོན་བྱུང་སྲིད།ལྷ་སྐུ་དེ་ནི་ཉི་མ་ལགས་གི་ལག་ནཅི་འདྲིའི་གླགས་རྙེད་སླ་བ་འདྲ་རུང་།ཉི་མ་ལགས་གི་སེམས་ཁོང་ན་ལི་མའི་ལྷ་སྐུ་འདི་ཡི་རིན་ཐང་དང་ཚེ་སྲོག་ནི་ཁོ་རང་ལས་བརྒལ་ཡོད།

ལི་བཟོ་དགེ་རྒན་ཆེན་མོ་ཉི་མ་དང་སློབ་ཕྲུག་ཟླ་བ་གྲགས་པ་གཉིས་ནི་མཁྱེན་བརྩེ་ལི་མ་རྒྱུད་འཛིན་མཁན་མི་རབས་དྲུག་པ་དང་མི་རབས་བདུན་པ་ཡིན།ཁོང་ཕ་བུ་གཉིས་ཀྱིས་ལི་མའི་ལྷ་བཟོ་བའི་སྲོལ་རྒྱུན་འདི་མུ་མཐུད་དུ་རྒྱུན་འཛིན་བྱེད་བཞིན་ཡོད།

སློབ་སྦྱོང་དང་།རྒྱུད་པ།ནོར་སྐལ།

འཇིམ་བཟོ་ལ་སློབ་སྦྱོང་བྱེད་རྒྱུ་ནི་ལོ་མང་པོའི་བརྒྱུད་རིམ་ཞིག་ཡིན།ཉི་མ་ལགས་ལོ་ལྔ་ཡིན་པའི་སྐབས་སུ་ཁོང་གི་ཨ་ཞང་གི་ལས་གྲའི་ནང་སློབ་སྦྱོང་བྱས་པ་ཡིན་ལ།ཉི་མ་ལགས་གིས་ལྷ་སྐུ་རེ་རེའི་བཟོ་ཉམས་དང་ཕྱག་གི་སྟངས་སྟབས།གཟུགས་པོའི་སྟངས་སྟབས་སོགས་ཚང་མ་བློར་བཟུང་བ་ཡིན།ཁོང་ནི་རི་མོ་འབྲི་བ་དང་འཇིམ་པ་སོགས་གང་ནས་ལེན་པ།ས་སོགས་ཇི་ལྟར་ཚགས་ཚུལ་སོགས་ཀྱི་ཐད་ལ་མཁས་པར་གྱུར་ཡོད་པ་མ་ཟད།ཁོང་གིས་འཇིམ་བཟོ་དང་ལ་ཞུགས་པ།ཟངས་བཟོ་བ་སོགས་ཚང་མ་ལ་སློབ་སྦྱོང་བྱས་པ་ཡིན།དེ་ལྟར་ཁོང་རང་ལོ་ཉི་ཤུ་ཙམ་ཡིན་དུས་ད་གཟོད་ཁོང་རང་ནས་འཇིམ་བཟོ་ཐོག་དང་པོ་དེ་བཟོས་བ་ཡིན།

ཟླ་བ་གྲགས་པ་ཡང་ཁོང་གི་ཨ་ཕ་དང་འདྲ་བར་ལོ་ན་ཆུང་ཆུང་ཡིན་པའི་སྐབས་སུ་འཇིམ་བཟོ་ལ་སློབ་སྦྱོང་བྱས་པ་ཡིན།ལོ་ན་ཆུང་ཆུང་ཡིན་པའི་དུས་སྐབས་ནས་ཟླ་བ་གྲགས་པའི་གཡའ་ལེབ་སྟེང་བྱིའུ་ཆུང་སོགས་གྱི་རི་མོ་འབྲི་བ་དང་།དེ་ནས་ཁོང་སློབ་གྲ་འགྲོ་རྒྱུར་ཡང་མཚམས་བཞག་སྟེ་ཁྱིམ་རྒྱུད་ཀྱི་ལག་བཟོ་སྟེང་ལ་བློ་གཅིག་སེམས་གཅིག་གིས་ཞུགས།ལོ་ཉི་ཤུ་རྩ་དྲུག་ཅན་གྱི་ཟླ་བ་གྲགས་པའི་མང་པོ་ཞིག་བློས་བཏང་ཡོད་རུང་ཁོང་ལ་མཚོན་ན་ཁྱིམ་རྒྱུད་གྱི་ནོར་སྐལ་འདིའི་ལས་འགན་དག་ནི་རྡོག་ཁྲེས་ལྕི་་མོ་ཞིག་དུ་བསམ་གྱི་མེད་ཟེར།ཁོང་གིས་བཤད་ན་ཁོང་རང་གི་ལས་ཀ་ནི་དོན་སྙིང་ལྡན་པ་ཞིག་ཡིན་དེ།ལས་ཀ་འདིའི་རིགས་རྒྱུད་འདིའི་རིག་གནས་རྒྱུད་འཛིན་མཁན་དག་སྟེ།ཁོང་གི་ཨ་ཕ།ཨ་ཞང་།མེས་པོ།རིས་མེད་ལས་འགུལ་མགོ་རྩོམ་མཁན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ༼་་༡༨༢༠ནས་༡༨༩༢༽་་སོགས་ལ་འབྲེལ་མཐུད་བྱས་ཡོད་།

འཇིམ་བཟོ་ཡི་བཟོ་ཐབས་དག་ནི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་འཕེལ་རྒྱས་བྱུང་བ་ཞིག་ཡིན།སྲོལ་རྒྱུན་འདི་་རྒྱུད་འཛིན་མཁན་ཡིན་པའི་ཆ་ནས་ཕ་བུ་གཉིས་ཀའི་མཉམ་དུ་སྲོལ་རྒྱུན་འདི་ལ་ཞལ་འདེབས་ཞུ་བཞིན་ཡོད།ཉི་མ་ལ་མཚོན་ན་སྒྱུ་རྩལ་པ་ཞིག་གི་ངོས་ནས་དང་སྲོལ་རྒྱུན་འདི་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ།ཟླ་བ་གྲགས་པ་ལ་མཚོན་ན་སྲོལ་རྒྱུན་འདི་ལ་ལེགས་བཅོས་བྱ་རྒྱུ་ནི་གཙོ་བོ་མཐོང་གི་ཡོད།

ཟླ་བ་གྲགས་པའི་བཤད་རྒྱུར་བསམ་བློའི་རང་དབང་ནི་ཁོང་ཚོའི་ལས་ཀའི་སྲོག་རྩ་ཡིན།ཁོ་ལ་མཚོན་ན་སྲོལ་རྒྱུན་ལ་ལེགས་བཅོས་བྱ་དགོས་ལ།སྲོལ་རྒྱུན་དང་དེང་རབས་གཉིས་ནི་ཆ་མེད་ཡ་མེད་མིན་ལ།དོན་དངོས་སུ་དེ་གཉིས་ལ་མི་འདྲ་ས་དེ་འདྲ་མེད།

གཟུགས་མཐོང་བརྙན་པར།

བཟོ་སྐྲུན་དང་སྒོམ།

ཕ་བུ་གཉིས་ཨ་རིའི་སི་མེ་སོ་ཉན་ལ་སླེབས་སྐབས་Freer and Sackler འགྲེམས་སྟོན་ཁང་གི་གནའ་རབས་ཀྱི་ལི་ཆས་ཉར་ཚགས་བྱས་ཡོད་པ་ལ་ལྟ་སྐོར་དུ་བྱིན་པ་ཡིན་ལ།ཉི་ལ་ལགས་ནི་ལི་ཆས་བཟོ་མཁན་ཞིག་གི་ངོས་ནས་བཤད་ན་ཁོང་གིས་རང་གི་བཟོས་བའི་ནང་པའི་འཇིམ་བཟོ་དེ་འདི་དག་མི་འདྲ་བ་མཐོང་གི་འདུག།ཁོང་གིས་དུས་རབས་བཅུ་གསུམ་པའི་ལི་ཆས་ཞིག་ལ་བལྟས་ཏེ་བཤད་རྒྱུར།ལུས་པོ་ནི་ཐོག་དང་པོར་བཟོས་པ་རེད།དེ་ནས་འདི་རྗེས་ནས་མཐུད་པ་རེད་ཟེར།ཉི་མ་ལགས་ཀྱིས་འཇིམ་བཟོ་འདི་དཔེ་ཆ་ལྟར་ཀློག་ཐུབ་སྟེ།བཟོ་རྩལ་གྱི་རྒྱུ་སྤས་དང་།ལི་མའི་མཐུག་ཚད་དང་ཆེ་ཆུང་།བཟོ་སྟངས།མཚོན་དོན་སོགས་ཚང་མའི་ཁོང་ལ་ལི་ཆས་འདི་ནམ་ཞིག་ལ་སུ་ཞིག་གིས་ས་ཆ་གང་དུ་བཟོས་པ་སོགས་རེ་རེ་བཞིན་བཤདབཞིན་ཡོད།

སྣེ་ཤན་པའི་ཉི་མ་ལ་སྒྲོལ་མའི་ལྷ་སྐུ་ཞིག་ལ་ཁོང་གི་བསམ་ཚུལ་དྲིས་བ་ན།སྒྱུ་རྩལ་པ་འདི་ནི་ལག་ཤེས་ཅན་ཞིག་ཡིན་རུང་ངང་རྒྱུད་རིང་པོ་མ་རེད་ཞེས་ལན་བཏབ་བྱུང་།ཉི་མས་ལན་འདི་སྣེ་ཤན་པའི་བློ་ཡུལ་ལས་འདས་བ་ཞིག་ཡིན་སོང་།ལི་ཆས་འདི་དག་བརྒྱུད་ནས་ཉི་མའི་སྒྱུ་རྩལ་པ་དག་གི་སློབ་སྦྱོང་དང་ཉམས་མྱོང་།མཛེས་ཉམས་ཀྱི་ལྟ་གྲུབ།ཚདགཞི།ཞིབ་ཆ་སོགས་མཐོང་ཐུབ་པ་མ་ཟད།སྒྱུ་རྩལ་པ་དག་གིས་ལི་ཆས་འདི་དག་བཟོ་སྐབས་ཀྱི་འདེམས་ཀ་དང་།བསམ་བློ།ཚོར་བ་སོགས་ཀྱང་ཤེས་ཐུབ།

ཉི་མ་ལ་མཚོན་ན།བསམ་གཞིགས་ནི་ཁོང་གི་སྲོལ་རྒྱུན་ནང་ཁ་བྲལ་ཐབས་མེད་པའི་ཆ་གཅིག་ཡིན།དོན་དངོས་སུ།།སྒྱུ་རྩལ་པ་ཞིག་གི་སྒོམ་གི་ཚད་ནི་ཁོང་གི་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཐད་ཀར་འབྲེལ་ཡོད།བསམ་གཞིགས་དང་སྒོམ་ཚད་ཀྱི་བསམ་བློ་ནས་བཟོས་པའི་ཐོན་རྫས་ནི་བརྩེ་བའི་བཟོས་པའི་ཟ་མ་དང་འདྲ་བར།འདི་འདྲའི་བསམ་བློ་ཡོད་མེད་ནི་ལི་ཆས་ཐོན་རྫས་ལས་ཤེས་ཐུབ།དེ་བས་ཐོན་རྫས་དང་ཐོན་རྫས་དེ་ལས་པའི་བརྒྱུད་རིམ་གཉིས་ཀ་གལ་ཆེན་པོ་ཡིན།

ཉི་མའི་གོང་གི་སྒྱུ་རྩལ་པ་དེའི་ལས་ཀ་ལ་དེ་ལ་ལག་ཤེས་ཅན་ཞིག་ཡིན་རུང་ངང་རྒྱུད་རིང་པོ་མ་རེད་ཞེས་གདེང་འཇོག་བྱེད་སྐབས་ཁོ་རང་གི་སྐད་ཆའི་ཚིག་གི་གདེམས་ཀ་ལ་མཉམ་འཇོག་བྱས་ཡོད།ཉི་མའི་བཤད་ན་ང་ཚོའི་སྒྱུ་རྩལ་པ་ལ་གདེང་འཇོག་བྱེད་རུང་ལྷ་ལ་གདེང་འཇོག་བྱེད་མི་རུང་།ནང་པ་ཞིག་ལ་མཚོན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ངན་བཤད་དང་ངན་སེམས་བྱེད་མི་ཉན།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་ནི་ནང་སེམས་སུ་ཕུལ་བྱུང་སྐྱོན་ལས་མ་གོས་པ་ཡིན་པས།ཁོང་ཚོའི་ཕྱི་ཡི་རྣམ་པ་དག་ཡང་དེ་ལྟར་སྐྱོན་ལས་མ་གོས་པ་ཡིན་པར་བཟོ་དགོས།ལྷ་སྐུ་དེའི་ལྷ་གང་ཞིག་གི་སློབ་སྟོན་སྤེལ་བར་རམ་འདེགས་བྱེད་དགོས།དེ་མ་ཟད།སྒྱུ་རྩལ་པ་ཞིག་གི་སྒྱུ་རྩལ་དང་རང་གཤིས་འཕེལ་རྒྱས་གཏོང་པར་སྐུལ་འདེད་བྱེད་ཐུབ།གལ་ཏེ་སྒྱུ་རྩལ་པ་ཞིག་གི་འགུལ་སྐྱོད་དེ་ལྷ་སྐུ་ཞིག་གི་སྟེང་ནས་མཐོང་ཐུབ་ན།སྒྱུ་རྩལ་པ་དེ་ལ་མཚོན་ན་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡིན།

ལི་མ་བཟོ་སྐབས་བློ་རྩེ་གཅིག་ལ་སྒྲིམ་པ་ནི་ཧ་ཅང་གལ་ཆེན་པོ་ཡིན།ཉི་མའི་བཤད་ན་ལྷ་སྐུ་བཟོ་སྐབས་བློ་རྩེ་གཅིག་ཏུ་གཏོད་དགོས་པ་མ་ཟད་གམིགས་ཡུལ་ཡང་ཡག་པོ་ཡིན་དགོས།སྒྱུ་རྩལ་པའི་རིག་པ་གསལ་ཞིང་སེམས་འཆལ་མེད་པ་ཡིན་དགོས།ཟླ་བ་གྲགས་པའི་བཤད་རྒྱུར་ཁྱེད་ཀྱིས་ལས་ཀ་བྱེད་དུས་བྱམས་སྙིང་རྗེའི་ཕྱོགས་ལ་བསམ་བློ་གཏོང་དགོས་ཟེར།སྒྱུ་རྩལ་པ་ཁོང་གཉིས་ཀྱིས་ལས་ཀ་བྱེད་དུས་བསམ་བློ་འཁྱལ་བར་མི་བྱེད་པར་བསམ་བློ་ནི་སྒོམ་གི་གནས་སྟངས་ཞིག་ཏུ་ལས་ཀ་བྱེད་བཞིན་འདུག།

ཉི་མ་དང་ཟླ་བ་གྲགས་པའི་ལས་ཀ་ལ་ཆོས་དད་གྱི་རང་་བཞིན་ཡོད་དེ།ཉི་མའི་ལྷ་སྐུ་འབྲི་སྐབས་ཁོང་གི་འབྲི་བའི་ལྷ་སྐུ་དེའི་སྔགས་སོགས་འདོན་ལ།ཟླ་བ་གྲགས་པའི་ལས་ཀ་བྱེད་དུས་འདས་སོང་མ་འོངས་ད་ལྟ་སོགས་ལ་སྒོམ་རྒྱག་བཞིན་ཡོད།ཕ་བུ་གཉིས་ལ་མཚོན་ན་སྒོམ་རྒྱག་པ་ནི་ཉིན་རེའི་ལག་ལེན་ཡིན་པ་ལས་ནང་ཆོས་ཀྱི་སྙིང་བསྡུས་ཞིག་ནི་མིན།

འགྲེམས་སྟོན་ཁང།

རྫོང་གསར་གྱི་ལག་ཤེས།

ཉི་མ་དང་ཟླ་བ་གྲགས་པ་གཉིས་ལ་སྤྱི་ཚོགས་ཀྱི་འོས་འགན་གྱི་འདུ་ཤེས་ཡང་ཧ་ཅང་ཆེན་པོ་ཞིག་ཡོད་དེ།ཁོང་གཉིས་ཀྱི་ལག་ཤེས་ནི་རིག་གནས་དང་དཔལ་འབྱོར་ལ་འབྲེལ་ཡོད་པ་དེ་གསལ་པོར་ཤེས་ཡོད།ཟླ་བ་གྲགས་པའི་བཤད་རྒྱུར་གལ་སྲིད་ཁོང་ཚོའི་ལས་ཀ་དེ་རྒྱ་ཆེར་བཏང་ཏེ་གྲོང་ཁྱེར་ནང་དུ་གནས་སྤོ་བྱས་ན་ཁོང་ཚོའི་མི་སྡེ་དེ་ལ་ཉེན་ཁ་བཟོ་སྲིད།ཡོང་སྒོ་དང་གནམ་གཤིས་འགྱུར་ལྡོག་གིས་མདོ་དབུས་མཐོ་སྒང་གི་གྲོང་གསེབ་གྱི་འཚོ་བ་ལ་འགྱུར་བ་བཟོ་བཞིན་ཡོད་ལ།མུ་མཐུད་དུ་སྲོལ་རྒྱུན་གྱི་འཚོ་བ་རྒྱུན་སྲིང་བྱེད་རྒྱུར་དཀའ་ལས་ཐེབས་བཞིན་ཡོད་པས།ལག་ཤེས་ཅན་དང་ཞིང་བ།འབྲོག་པ་སོགས་ཀྱིས་གྲོང་གསེབ་ཀྱི་འཚོ་བ་བསྐྱུར་ནས་གྲོང་ཁྱེར་ནང་དུ་ལས་ཀ་འཚལ་དུ་འགྲོ་བཞིན་ཡོད།

ཉི་མ་དང་ཟླ་བ་གྲགས་པ་གཉིས་ཀྱི་མི་སྡེ་དེའི་མི་ཚང་མའི་ལས་ཀ་སྣ་ཚོགས་བྱེད་བཞིན་ཡོད།རྫོང་གསར་ནི་རོང་འབྲོག་གཉིས་ལྡན་གྱི་མི་སྡེ་ཡིན་པས་ཁྱིམ་ཚང་རེ་རེའི་མཛོ་མོ་འཚོ་ལ།ནས་དང་ཉུང་མ།ཞོག་ཁག་སོགས་ཀྱི་ཞིང་ཡང་འདེབས་བཞིན་ཡོད།ད་དུང་མི་མང་པོ་ཞིག་གིས་དབྱར་རྩ་དགུན་འབུ་འཏུས་ཏེ་བཙོང་བཞིན་ཡོད།རྫོང་གསར་ནི་ད་དུང་མགར་བ་དང་རྫ་མ་སོགས་ཀྱི་ལག་ཤེས་བཟོ་ལས་ལ་ཡང་སྐད་གྲགས་ཡོད།

ས་གནས་ཀྱི་མི་མང་པོ་ཞིག་གི་ཁྲག་གི་དཔལ་འབྱོར་གྱི་འགན་ཁུར་ནི་ཧ་ཅང་ལྕི་བ་དང་ཁོང་གི་ལས་ཀའི་ཆོས་ཉིད་ལ་ཡང་དམིགས་ནས།ཉི་མས་ཁོང་ཚོའི་ལས་ཀའི་སྲོལ་རྒྱུན་གྱི་འཚོ་བ་དེ་བརྗེ་ཚབ་མི་བྱེད་པར་ངེས་གཏན་བྱས་ཏེམཁྱེན་ལི་ཞེས་པའི་སྤྱི་ཚོགས་ཁེ་ལས་ཀྱི་གསབ་སྦྱོང་འཛིན་གྲ་བཙུགས་པ་རེད།བོད་སྐད་ནང་མཁྱེན་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རིགས་རྒྱུད་མཚོན་ལ་ལི་ཡིས་ལི་མ་མཚོན།ཉི་མའི་བཟོ་གྲའི་ནང་གི་ལ་ཞུགས་མཁན་པད་མ་རྡོ་རྗེའི་བཤད་ན་ཁོང་གི་བལྟས་ན་མཁྱེན་ལི་ཡིས་བརྟན་ཚུགས་དང་མཉེན་ལྕུག་མཚོན།མཁྱེན་ལིའི་ལས་ཀ་ལ་དུས་ཚུགས་རང་བཞིན་མེད་པར་ཉིན་རྒྱུན་དུ་ལས་ཆོག་པ་ཞིག་རེད་ཟེར།

སྟབས་བདེ་ཅན་གྱི་ལས་ཀའི་དུས་ཚོད་དང་ཡོང་འབབ་བརྟན་པོ་དེའི་པད་མ་རྡོ་རྗེ་ལྟ་བུའི་ལས་བཟོ་བ་ལ་ཡོང་འབབ་ཡག་པོ་སྐྲུན་པ་དང་ཆབས་ཅིག་ཁོང་གི་འཚོ་བ་སྣ་མང་ཅན་དེ་ཡང་རྒྱུན་འཁྱོངས་བྱེད་ཐུབ།ལི་མ་བཟོ་བའི་ལས་ཀ་ནི་དུས་ཚོད་རིང་པོ་ཞིག་ལ་ལས་ཀ་བྱེད་དགོས་པས།ཆུ་ཚོད་དགུ་བ་ནས་ལྔ་བའི་བར་་གྱི་ལས་ཀ་མིན་རུང་ལས་བཟོ་བ་རྣམས་ལ་ལོ་རེ་རེ་བཞིན་ཡོང་འབབ་བརྟན་པོ་ཞིག་མཁོ་སྤྲོད་བྱས་ཡོད་པས་ཁོང་ཚོ་སྡེ་བ་ནང་དུ་མུ་མཐུད་དུ་འཚོ་གནས་བྱེད་ཐུབ་ལ་སྲོལ་རྒྱུན་སོགས་ཡང་རྒྱུན་འཁྱོངས་བྱེད་ཐུབ།འདས་བའི་ལོ་བཅུ་ལྔའི་རིང་།ཉི་མའི་པད་མ་རྡོ་རྗེ་ལྟ་བུའི་ལས་བཟོ་བ་སུམ་བཅུ་ལྷག་ལ་སློབ་ཁྲིད་དང་ལས་ཀ་སྤྲད་ཡོད།

འདི་ལྟར་མཁྱེན་ལིའི་ལས་ཀ་ནི་ལི་མ་བཟོ་བ་ཁོ་ན་མིན་པར།འདིའི་བརྟན་ཚུགས་དང་མཉེན་ལྕུག་རང་བཞིན་གྱིས་རིག་གནས་ལ་ཤེན་ཤུགས་ཆེན་པོ་ཐེབས་ཡོད།འབྲོག་པ་ཚོའི་མཚོ་རྟེན་ལ་རྒྱབ་བསྐྱོར་བྱས་པ་བརྒྱུད་ས་གནས་ཀྱི་ཟ་མའི་རིག་གནས་དང་།ལག་ཤེས།རོལ་དབྱངས་སོགས་ཀྱི་སྲོལ་རྒྱུན་ལ་ཕན་ཐོགས་ཆེན་པོ་ཡོད།སྐྱེས་མ་ཚོས་ལག་ཤེས་ཅན་གྱིས་བཟོས་པའི་མདོང་མོའི་མར་དང་ཆུར་བ་བཟོ་བ་དང་།ཁྱིམ་ཚང་དག་གིས་ཤ་བཙོ་བའམ་ཤ་སྐམ་ནས་ཟ་མ་བཟོ་བ་མ་ཟད་ལྕི་བ་བཀོད་སྤྱོད་བྱེད་པ་།མཛོ་མོའི་བ་སྤུ་བཀོད་དེ་གོན་པ་བཟོ་བའམ་ཡང་ན་གུར་སོགས་ཀྱི་ཐགས་འཐག་པ།ཁོང་ཚོའི་ལས་ཀ་ལས་ཞོར་དུ་འོ་མ་བཞོ་བའི་གླུ་དང་།མར་བཟོ་བའི་གླུ།སེམས་ཅན་ལ་བསྟོད་པའི་གླུ་སོགས་ལེན་པ་སོགས་ལྟ་བུ།དེ་བས།འཚོ་རྟེན་ལ་རྒྱབ་བསྐྱོར་བྱས་པ་བརྒྱུད་སྲོལ་རྒྱུན་རིག་གནས་ཡང་རྒྱུན་འཛིན་བྱས་ཡོད།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.