Skip to main content
བྱིན་རླབས་ཅན་གྱི་རི་མོ།བོད་ཀྱི་ཐང་ག།
Maya Potter

བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་པ་དག་ལ་མཚོན་ན་ལྷ་ཡི་རི་མོ་འབྲི་བ་ནི་ཕྱག་མཆོད་འཕུལ་བའི་རྣམ་པ་ཞིག་རེད།རི་མོ་བ་ཤ་བོ་འབྲུག་རྒྱལ་དང་ཤ་བོ་ཐར་གཉིས་ཀྱིས་ཐང་ག་སྒྱུ་རྩལ་སྐོར་ལ་སྐད་གྲགས་ཆེ་ཤོས་ཀྱི་རེབ་གོང་ན་རི་མོ་འབྲི་བཞིན་ཡོད།ཐང་ག་མང་ཆེ་ཤོས་ནི་ཆོས་ལུགས་ཀྱི་རང་བཞིན་ལྡན་ལ།ཐང་ག་ནི་གཟིགས་རིས་ཀྱི་རྣམ་པའི་བསྟན་བཅོས་ཞིག་ཀྱང་ཡིན།ཐང་གའི་ནང་དོན་གཙོ་བོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ།སློབ་དཔོན་ཆེན་མོ་དག་དང་ཁོང་ཚོའི་རྣམ་ཐར་རམ་གཏམ་རྒྱུད་དག་ཡིན།ཐང་ག་ནི་ཕྱག་མཆོད་བྱེད་སའི་ཡུལ་དང་ཆོས་ལུགས་ཀྱི་མདུན་པ་མཚོན་བྱེད་ཡིན་པའི་རྐྱིན་ཀྱིས་ཐང་ག་ནི་དགོན་པ་དང་སྒེར་གྱི་མཆོད་ཁང་ནང་གི་ཆེས་གལ་ཆེ་བའི་དངོས་པོ་གཅིག་ཡིན།

སྲོལ་རྒྱུན་གྱི་ཐང་ག་འབྲི་མཁན་ཚོས་ཐང་ག་མ་བྲིས་སྔོན་ཐོག་མར་ལག་པ་སོགས་བཀྲུ་ལ་བདུག་སྤོས་ཡང་སྤོར་ཏེ་རང་ཉིད་སོ་སོ་དང་ཉེ་འགྲམ་གྱི་འཁོར་ཡུག་གཙང་མ་བཟོ་བ་ཡིན།ཐང་ག་ཞིག་འབྲི་བའི་བརྒྱུད་རིམ་ནི་ཐོག་མར་རས་གཞི་ཞིག་གི་སྟེང་དུ་རྡོ་ཞོའམ་ས་སྨྱུག་བྱུག་པ།དེ་ནས་རས་གཞི་དེའི་ངོས་སྙོམས་པོ་བཟོ་བ།དེའི་རྗེས་ནས་རི་མོ་འབྲི་མགོ་བརྩམ་ན་ཆོག་ཏེ་ཐོག་མརམདོག་དམར་པོའམ་ཡང་ན་མདོག་ནག་པོའི་ཕྱི་ཐིག་འཐེན་པ།དེ་ནས་རྒྱབ་གཞི་འབྲི་བ།ཆེས་མཐའ་འཇུག་ཏུ་ད་གཟོད་གཙོ་སྐུ་འབྲི་དགོས།དེ་ཡང་གཙོ་སྐུ་འབྲི་བར་ཐོག་མར་གཟུགས་ཕུང་དང་དེ་ནས་ཞལ་རས།མཐའ་མར་དེ་ལ་ཚ་གསེར་གཏོང་བའམ་གསེར་གྱི་ལོ་མ་སོགས་ཀྱིས་བརྒྱན་དགོས།

གོང་གི་བརྒྱུད་རིམ་འདི་དག་ཚར་རྗེས་རི་མོ་དེ་དར་གོས་ཞིག་གི་སྟེང་དུ་འཇུག་དགོས།ཐང་ག་རྙིང་པ་སོགས་ཀྱིས་སྤྲོས་མེད་ཀྱི་དར་གོས་སམ་སྲིང་རས་སྔོ་ནག་བཀོལ་སྤྱོད་བྱས་ཡོད་ལ།ད་ལྟ་དར་གོས་གོས་ཆེན་འཐག་ལས་སྣ་ཚོགས་བྱས་ཡོད་པ་ཅན་བཀོལ་སྤྱོད་བྱེད་བཞིན་ཡོད།

གཟུགས་མཐོང་བརྙན་པར།

ནང་པའི་ལྷ་སྐུ་འབྲི་བར་སྐུ་འདྲ་ཚད་མཇལ་སྒྱུ་རྩལ་གྱི་ལོ་ངོ་སྟོང་ཕྲག་གི་སྲོལ་རྒྱུན་རྙིང་བ་དེ་ལ་བསྟུན་དགོས་ཏེ།སྐུ་འདྲ་ཚད་མཇལ་སྒྱུ་རྩལ་གྱི་སྲོལ་རྒྱུན་ཟེར་བ་ནི་གཟུགས་པོའི་སྙོམས་ཚད་དང་རྒྱ་ཁྱོན་སོགས་བཀོལ་ཏེ་གཟུགས་བརྙན་བྱེ་བྲག་ཅན་གྱི་ཕྱི་ཐིག་བཀོད་པ་ཞིག་ཡིན།ཐོག་དང་པོར་རི་མོ་མཁན་གྱིས་ཐིག་ཁང་སྟེ་ཐིག་གི་ཁང་པ་ཞེས་པའི་དྲ་མིག་ཞིག་བཀོལ་སྤྱོད་བྱེད་དགོས།དྲ་ཐིག་གི་ཚད་འདི་ལ་དཔེ་བྱས་ནས་རི་མོ་འབྲི་མཁན་ཀྱིས་གཟུགས་དབྱིབས་དང།ལུས་ཀྱི་སྟངས་ཀ་asanas་དང་ ལག་པའི་སྟངས་སྟབས་mudraསོགས་འབྲི་བ་ཡིན།རི་མོ་འབྲི་མཁན་དག་གིས་ལོ་མང་པོས་རིང་སྐུ་འདྲ་ཚད་མཇལ་སྒྱུ་རྩལ་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད་།ལྷ་སྐུའམ་ཡང་ན་མི་སྣ་དག་གི་ཁྱད་ཆོས་དང་གཏམ་རྒྱུད་སོགས་ལ་ཡང་སློབ་སྦྱོང་བྱེད་དགོས།སྦྱོང་བརྡར་ཐོན་པའི་སྒྱུ་རྩལ་པ་དག་གིས་དྲ་མིག་མ་དཔེ་དེ་བློ་ལ་འཛིན་བཟུང་བྱས་ཡོད།གཟུགས་སྐུ་ཞིག་གི་སྐུ་འདྲ་ཚད་མཇལ་ཏེ་གཏན་འཁེལ་བྱས་ཡོད་པ་ཞིག་ཡིན་རུང་།རི་མོ་འབྲི་མཁན་ཚོས་རྒྱབ་ལྗོངས་ཀྱི་རི་མོ་སྟེ་གཏམ་རྒྱུད་དང་།མཛེས་རྒྱན་ཡང་ན་ཡུལ་ལྗོངས་སོགས་ལ་རང་དབང་ངང་གསལ་གཏོད་ཅུང་ཟད་བྱེད་ཆོག།

སྲོལ་རྒྱུན་ལྟར་སྒྱུ་རྩལ་པ་དག་ལས་གྲ་ཞིག་གི་ནང་དུ་མཉམ་ལས་རང་བཞིན་ངང་ཟབ་སྦྱོང་བྱེད་དགོས་པ་ལས།མི་གཅིག་གམ་མི་སྒེར་གྱིས་ཐང་ག་ཞིག་ལེགས་འགྲུབ་བྱེད་མི་ཐུབ།སྒྱུ་རྩལ་སློབ་དཔོན་ཆེན་མོ་ཞིག་གིས་སློབ་ཕྲུག་མང་པོ་ཞིག་གི་རི་མོ་ལ་ལྟ་རྟོག་བྱེད་དགོས་ལ།སློབ་ཕྲུག་ཚོས་ཐང་གའི་སྟེང་གི་མཛེས་རྒྱན་གྱི་ཆ་དང་རག་བྲིས་སྐོར་འབྲི་ལ།སློབ་དཔོན་ཆེན་མོའམ་དགེ་རྒན་གྱིས་ལྷ་སྐུ་ཡི་གདོང་དང་ཕྱག་གི་ཞིབ་ཕྲ་ཅན་གྱི་སྐོར་དང་རྙོག་འཛིངས་ཅན་གྱི་རི་མོ་འབྲི་བ་ཡིན།

ཐང་ག་འདོན་སྤེལ་གྱི་ཁྱབ་ཁོངས་གཞན་ཞིག་ནས་བཤད་ན།ཁེ་ལས་མཉམ་འདུས་ལས་ཁུང་དག་གིས་བཟོ་གྲའི་ནང་ཐང་ག་བསྐྱར་པར་གྱི་ཐབས་ལམ་བརྒྱུད་ནས་རས་གཞི་སྟེང་འགྱིག་རྩི་ནས་བྲིས་པའི་ཐང་ག་རིགས་གྲངས་མང་པོའི་ངང་བཟོ་སྐྲུན་བྱེད་བཞིན་ཡོད།དེང་སྐབས་ཀྲུང་གོའི་ནུབ་ཕྱོགས་ནས་བཟོ་སྐྲུན་བྱས་པའི་ཐང་ག་དག་ནི་གཙོ་བོ་སྒྱུ་རྩལ་པ་དག་གིས་ཐང་གའི་ཆ་གཅིག་ལག་བྲིས་བྱེད་ལ།ཐང་ག་བཟོ་སྐྲུན་དེ་ཇེ་མགྱོགས་སུ་གཏོང་ཆེད་དེའི་འཕྲོ་མ་དག་འཕྲུལ་ཆས་བཀོལ་ནས་བཟོ་སྐྲུན་བྱེད་བཞིན་ཡོད།

ལེ་ཟེར་བསྐྱར་པར་བཀོལ་ནས་ཐང་ག་བཟོ་བ་ནི་སྲོལ་རྒྱུན་ཐང་ག་བཟོ་སྐྲུན་མཇུག་སྒྲིལ་བའི་མཚོན་རྟགས་ཡིན་ལ།ཕྱེད་ཀ་ལག་བྲིས་དང་ཕྱེད་ཀ་འཕྲུལ་ཆས་བཀོལ་ནས་ཐང་ག་བཟོ་སྐྲུན་བྱེད་པ་འདིའི་ཆོས་དད་མིན་པའི་ཐང་གའི་དགོས་མཁོ་དེ་སྐོང་ཐུབ།

འགྲེམས་སྟོན་ཁང།

ཡིན་ཡང་།ཤ་བོ་འབྲུག་རྒྱལ་དང་ཤ་བོ་ཐར་གཉིས་ནི་སྲོལ་རྒྱུན་གྱི་ཐང་ག་འབྲི་མཁན་ཡིན་ལ།བྱི་རི་དང་ལིག་བུ་མིག།དབང་སྔོན།མུ་ཏིག།གསེར་སོགས་ནས་ལས་བའི་རྫས་ཚོན་བཀོལ་སྤྱོད་བྱེད་པ་ཡིན།སྔོན་ཆད་རི་མོ་འབྲི་མཁན་དག་གིས་ར་མ་དང་སེམས་ཅན་གཞན་པའི་སྤུ་བཀོལ་སྤྱོད་བྱས་ཏེ་སྤུ་སྨྱུག་རང་གིས་བཟོ་དགོས།ད་ལྟ་ཚོང་ཁང་སོགས་ནས་ཉོས་པའི་སྤུ་སྨྱུག་བཀོལ་སྤྱོལ་བྱེད་བཞིན་ཡོད། རྒྱའི་ཐང་གའི་ཁྲོམ་ར་ན་སྒྱུ་རྩལ་སྤུས་ལེགས་ཅན་བཙོང་ལ་དྲན་རྟེན་དངོས་རྫས་ཡང་བཙོང་བཞིན་ཡོད།ལྷ་ས་དང་ཁྲིན་ཏུའུ་ན་ལེ་ཟེར་བསྐྱར་པར་བཀོལ་ནས་བཟོས་པའི་ཐང་ག་དག་ཉོ་མཁན་དཀྱུལ་མ་ལ་བཙོང་བཞིན་ཡོད་ལ།པེ་ཅིན་སོགས་ནས་ཡོང་པའི་ཐང་ག་སྡུད་མཁན་དག་གིས་ཐང་ག་རྙིང་བ་དང་གསར་བ་ཧ་ཅང་དཀོན་པོ་དག་འཚོལ་བཞིན་ཡོད།ཐང་གའི་ཚོང་ལས་ནི་ཁེ་བཟང་ཡག་པོ་ཡོད་པའི་ལས་ཀ་ཞིག་ཡིན།ཐང་གའི་ཚོང་ལས་གཉེར་མཁན་དག་གིས་ཐོག་མར་རིན་གོང་དམའ་མོ་བྱིན་ནས་སྡེ་པའི་ནང་གི་ཐང་ག་འབྲི་མཁན་ཚོས་ལག་ནས་ཉོས་རྗེས་རྒྱ་ཡི་ཚོང་བ་ལ་རིན་གོང་མཐོན་པ་བྱས་དེ་བཙོང་བ་དང་།རྒྱ་ཡི་ཚོང་བ་འདི་དག་གིས་དེ་ལས་མཐོ་བའི་རིན་གོང་སྟེང་རྒྱ་ཡི་ཁྲོམ་ར་དང་ཕྱི་རྒྱལ་པ་ལ་བཙོང་བཞིན་ཡོད།

མགྱོགས་པོར་འཕར་བཞིན་པའི་ཚོང་རའི་དགོས་མཁོ་དེ་བསྐོང་ཆེད་ཐང་ག་འབྲི་མཁན་གྱི་མི་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་ཡོད་པས།མི་ཁ་ཤས་ཞིག་གིས་ཁྲོམ་ར་འདིའི་བྱིན་རླབས་ཅན་གྱི་སྲོལ་རྒྱུན་རྩ་ཆེན་པོ་འདི་དངོས་པོ་སྤྱིར་བཏང་བ་ཞིག་ཏུ་བསྒྱུར་བཞིན་པ་ལ་སེམས་ཁྲལ་བྱེད་བཞིན་ཡོད།

ཡང་མི་ཁ་ཤས་ཀྱིས་དེང་གི་མི་རབས་གསར་བའི་ཐང་ག་འབྲི་མཁན་དག་གིས་ལག་རྩལ་སློབ་ཡོད་པ་ལས་དེ་དང་འབྲེལ་བའི་ཆོས་ལུགས་དང་རིག་གནས་ཀྱི་ཤེས་བྱ་དེ་སློབ་ཐུབ་མེད་པའི་ངེས་བཟུང་བྱེད་ཀྱི་ཡོད།ཕྱོགས་མང་པོ་ཞིག་གི་ཐད་ནས་བཤད་ན་ཐང་ག་འབྲི་རྒྱུར་སློབ་སྦྱོང་བྱེད་པ་ནི་ནང་ཆོས་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཞིག་དུ་འགྱུར་བ་དང་འདྲ་འདྲ་ཡིན།ཤ་བོ་ཐར་གྱིས་བཤད་རྒྱུར་ཐང་ག་འབྲི་མཁན་ཞིག་ལ་མཚོན་ན་ཐང་ག་འབྲི་བའི་ལག་རྩལ་སྦྱང་དགོས་བ་མ་ཟད་ཐང་གའི་གཞུང་ལུགས་ཡང་སྦྱང་དགོས།

སྒྱུ་རྩལ་པ་མང་པོ་ཞིག་གིས་ཐང་ག་འབྲི་ཞོར་དུ་ཁ་བཏོན་འདོན་སྲིད།ཡིན་ཡང་དེང་སྐབས་ཀྱི་སྒྱུ་རྩལ་པ་གཞོན་པ་དག་གིས་ཕལ་ཆེར་རླུང་འཕྲིན་ལ་ཉན་བཞིན་ཡོད།རི་མོ་བ་དག་གིས་སྐུ་འདྲ་ཚད་མཇལ་སྒྱུ་རྩལ་ལ་མ་བསྟུན་པའམ་ཡང་ན་ཐང་གའི་སྟེང་གི་ལྷ་སྐུ་ལ་ནོར་འཁྲུལ་རེ་ཡོད་སྐབས་འདི་འདྲིའི་འགྱུར་ལྡོག་ནི་རྩོད་པའི་རྩ་བར་གྱུར་ཡོད།

ཤ་བོ་ཐར་གྱིས་བཤད་རྒྱུར་གལ་ཏེ་ཐང་ག་འབྲི་མཁན་ཞིག་ལ་ཤེས་བྱ་ཅུང་ཟད་མེད་ན་ཐང་ག་འབྲི་མཁན་འདི་དག་གིས་ནོར་འཁྲུལ་བཟོ་སྲིད་ཟེར།སྐབས་རེར་ནང་པ་མིན་པའི་སྦྱིན་བདག་གིས་ཐང་ག་བཀོད་མངགས་བྱེད་སྐབས་ཆོས་ལུགས་གི་ཚད་གཞི་དག་ཁྱད་གསོད་བྱེད་པའི་ལས་ཀ་བཀོད་མངགས་བྱེད་ལ།དཔེར་ན་སྒྲོལ་ལྗང་གི་ཕྱག་ཏུ་རལ་གྲི་བཟུང་བ་ལྟ་བུ་བཀོད་མངགས་བྱེད།

ཡིན་ཡང་སྒེར་དང་གཞུང་གང་རུང་ཞིག་གི་ཆ་ནས་བཤད་ན་ཡང་སྦྱིན་བདག་ནི་ཐང་གའི་དཔལ་འབྱོར་ཐད་ལ་ཧ་ཅང་གལ་ཆེན་པོ་ཡིན།དེ་བས་ཐང་ག་འབྲི་མཁན་ཚོས་དུས་རྒྱུན་དུ་ཐང་གའི་བྱིན་རླབས་ཅན་གྱི་རང་བཞིན་དེ་ཕྱིའི་ཚོང་དོན་གྱི་དགོས་མཁོ་དང་ཡང་བསྟུན་ཡོད།དེང་སྐབས་ཐང་གའི་ཚོང་རའི་དགོས་མཁོ་ཡར་འཕར་བ་དང་བསྟུན་ནས་བོད་པ་མང་པོ་ཞིག་གི་འཚོ་བའི་མཐུན་རྐྱེན་ཡང་དེ་བསྟེན་ནས་བསྐྲུན་ཡོད།

ཐང་ག་ཞིག་འབྲི་བའི་ཆེས་མཐའ་མཇུག་གི་གོ་རིམ་ནི་རབ་གནས་བྱེད་རྒྱུ་དེ་ཡིན་ལ་གྲ་བ་ཚོས་ཐང་གའི་སྟེང་གི་ལྷ་སྐུ་དེ་འབོད་སྐུལ་དང་དེ་ལ་ཁ་དོན་འདོན་པ་སོགས་བྱེད།ཐང་གའི་མིག་འབྱེད་པ་ནི་ཐང་གའི་སྟེང་གི་ལྷ་སྐུ་དེའི་མིག་གི་རྒྱལ་མོ་འབྲི་བ་དང་ཐང་གའི་རྒྱབ་ཕྱོགས་དུ་“om ah hum”(ལུས་ཡིད་ངག)འབྲི་བ་དེ་ཡིན།ཐང་ག་ལ་རབ་གནས་བྱས་ཚར་རྗེས་ཐང་ག་དེ་ནི་རི་མོ་རྐྱང་རྐྱང་ཞིག་མིན་ལ་རི་མོ་སྟེང་གི་ལྷ་གང་དེ་རང་གི་དངོས་མཚོན་ཡིན་པས་ཐང་ག་དེ་ལ་ཚེ་སྲོག་ཡོད།ལྟ་སྐོར་བ་དང་ཐང་ག་བསྡུ་གསོག་བྱེད་མཁན་མང་པོ་ཞིག་ལ་མཚོན་ན་ཐང་ག་ནི་སངས་རྒྱས་ཀྱི་རི་མོ་ཙམ་ཡིན།ཡིན་ཡང་བོད་པ་ཚོར་མཚོན་ན་ཐང་ག་ནི་སངས་རྒྱས་རང་ཡིན།


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.