སྦྲ་གུར་འཚེམ་བཟོ་བྱ་རྒྱུ་ནི་འབྲོག་པའི་འཚོ་བའི་ཁྲོད་ཀྱི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་ཡིན་ལ། དེ་ནི་ཁྱིམ་ཚང་དང་ཤ་ཉེ་ཀུན་གྱི་འཚོ་བརྟེན་ཡིན་པར་མ་ཟད། དུས་རྒྱུན་འཚོ་བ་དང་རིག་གནས་ཁྲོད་དུའང་བྱེད་ནུས་གལ་ཆེན་ཐོན་གྱི་ཡོད། འབྲོག་ཁུལ་དུ། སྦྲ་གུར་བཟོ་བ་དེས་ཁྱིམ་ཚང་བར་གྱི་མཐུན་སྒྲིལ་དང་། མང་ཚོགས་ཀྱི་འབྲེལ་བ། གཅིག་རྟེན་གཅིག་གྲོགས་ཀྱི་བསམ་བློའི་རིན་ཐང་མཚོན་ལ། མ་ཟད་སྤྱི་ཚོགས་དང་རིག་གནས་ཀྱི་འཛིན་སྐྱོང་སྤེལ་གསུམ་ཡང་མཚོན་ཡོད། སྦྲ་གུར་བཟོ་རྒྱུའི་གོ་རིམ་དེ་ཧ་ཅང་དཀའ་ཚེགས་ཆེ་སྟེ། ཐོག་མར་གཡག་རྩིད་ཀྱི་ཐོན་ནུས་ལ་རགས་ལས་ཡོད་དེ། སྲོལ་རྒྱུན་གྱི་འབྲོག་པའི་སྦྲ་གུར་དག་ནི་གཡག་རྩིད་ཀྱིས་ཡོངས་སུ་བཟོས་པ་ཡིན་ལ། སྦྲ་གུར་ནང་ལོགས་ཀྱི་གདུང་མ་དང་ཀ་བ། ད་དུང་ཕུར་བ་དག་ནི་སྦྲ་གུར་ཕུབ་བྱེད་ཀྱི་ཡོ་ཆས་གཙོ་བོ་དག་ཡིན་ལ། དཔྱིད་དུས་སུ་གཡག་གི་རྩིད་པ་ཆེས་མཐུག་པའི་དུས་ཡིན་པས། གཡག་རྩིད་རྒྱུན་པར་དཔྱིད་དུས་སུ་འབྲེག་བ་ཡིན། རྒྱུ་མཚན་ནི་དབྱར་ཀ་སླེབས་ལ་ཉེ་བས་གཡག་རྩིད་མཐུག་པོ་འཇོག་པའི་དགོས་བ་མེད་པས་སོ། ཁྱིམ་ཚང་དེས་ནོར་ནག་གི་གྲངས་ཀ་ལྟར། ཁྱིམ་མཚེས་དང་འཚོ་བ། ཉེ་མི་སོགས་ཀྱིས་ཕན་ཚུན་བར་བལ་རྩིད་འབྲེག་རོགས་བྱེད་པ་ཡིན། ཉིན་ཁ་ཤས་དང་ཡང་ན་བདུན་ཕྲག་ཁ་ཤས་ཀྱི་བར་ནས། རེས་མོས་ལྟར་གཡག་རྩིད་འབྲེག་རོགས་བྱེད་པའི་གོམ་གཤིས་བཟང་བོ་ཞིག་ཡོད། གཡག་རྩིད་ལེན་པ་དེ་ལ་ཞགས་ཐག་གིས་གཡག་འཛིན་པ་དང་དེ་ནས་རྐང་ལག་ཚང་མ་ཐག་པས་སྡོམ་པ། མགོ་དང་རྭ་སོགས་སར་མནོན་པ་བཅས་ཀྱི་གོ་རིམ་ངེས་ཅན་ལྡན་པའོ། རྒྱུན་པར་ཁེ་གྲི་བཀོལ་ནས་གཡག་རྩིད་ལེན་པ་དང་ཉུང་ཐར་ཡང་མི་དར་མ་གསུམ་དགོས། ནོར་ནག་ལས་འབྲི་མོ་རྣམས་ལ་འོ་མ་བཞོ་དགོས་བས་མི་དང་ནམ་རྒྱུན་གྱི་འབྲེལ་འདྲིས་ཆགས་ཡོད་པས། འོ་མ་བཞོ་དུས་ཐག་པ་སོགས་ཀྱི་བསྡམ་མི་དགོས། ནོར་ནག་གི་རྩིད་པ་བྲེག་ཚར་རྗེས། རྩིད་པ་དག་སྒྱེ་མོ་ནང་འཇུག་པ་དང་། ཁུད་རྩིད་མ་སེལ་སྔོན་དུ་ངེས་པར་དུ་གཙང་བཀྲུ་བྱེད་པ་དང་ཉི་མར་སྐེམ་པ་དགོས་བ་ཡིན། ཁུད་རྩིད་སེལ་ཚར་རྗེས་ཉི་དྲོད་ཡོད་པའི་གནམ་གཤིས་ཡག་དུས་དང་བསྟུན་ནས་སྐུད་པ་འཁེལ་དགོས་བ་ཡིན། སྐུད་འཁེལ་བྱེད་དུས་ས་རྒྱ་ཆེ་ས་ཞིག་ཡིན་དགོས་ལ། སྲོལ་རྒྱུན་ལྟར་མི་གཅིས་གིས་ཐགས་བསྐོར་བ་དང་བུད་མེད་གཉིས་ཀྱིས་སྐུད་པ་འཁེལ་བ་ཡིན །ས་ཆ་མང་ཤོས་སུ། ཞིབ་ཚགས་ཅན་གྱི་ལས་ཀ་འདིའི་རིགས་རྒྱུན་པར་སྐྱེས་མ་ཚོས་ལས་དགོས་པ་ཡིན། ལོ་ཤས་ཀྱི་ནང་། ཁྱིམ་ཚང་གཅིག་གིས་སྦྲ་གུར་བཟོ་བྱེད་ཀྱི་བལ་སྐུད་ངེས་ཅན་ཞིག་བསགས་རྗེས་འཐག་ལས་བྱེད་རྒྱུ་ནི་གོ་རིམ་གཙོ་བོ་ཞིག་ཡིན། དེ་ཡང་མི་སྒེར་གྱི་མོས་པ་ལྟར། དབྱར་ཀ་དང་སྟོན་དུས་སུ། ལོ་རེའི་རྩིད་པ་དག་སེལ་བ། འཁེལ་བ། འཐག་པ་བཅས་ཀྱི་ལས་ཀ་བྱས་རྗེས་སྦྲ་གུར་བཟོ་བྱེད་ཀྱི་རྒྱུ་ཆ་འདང་རགས་བར་གསོག་དགོས་བ་ཡིན། འོན་ཀྱང་། ཁྱིམ་ཚང་ཕན་ཚུན་བར་གྱི་དགོས་མཁོ་ལྟར་རྩིད་པ་དང་ཡང་ན་ལས་སྣོན་བྱས་ཚར་བའི་རྒྱུ་ཆ་དག་ཁྱིམ་ཚང་གཞན་ལ་སྐྱིས་ཀྱང་ཆོག་པ་ཡིན།
གང་ལྟར་སྦྲ་ནག་བཟོ་རྒྱུར་དུས་ཚོད་མང་པོ་དགོས་ལ་གཡག་གི་རྩིད་པའང་མང་པོ་ཞིག་དགོས་པ་ཡིན། སྦྲ་ནག་གི་རྒྱུ་ཆ་གཙོ་བོ་དག་འཐག་ཚར་རྗེས། ཆེ་ཆུང་དང་རིག་ཚད་སོགས་ལ་ཉམས་མྱོང་མོད་པོ་ཅན་གྱི་མི་ཞིག་གིས་སྦྲ་ནག་གི་འཚེམ་བཟོ་ཡི་གོ་རིམ་ཀུན་ལ་བློ་འདོན་བྱེད་པ་དང་། སྦྲ་ནག་ཕུབ་བྱེད་ཀྱི་ཆོན་ཐག་དང་ཕུར་བ་རྡེབ་བྱེད་ཀྱི་ལོང་བུ་སོགས་ལ་བཀོད་སྒྲིག་གྱ་ནོམ་བྱེད་པ་ཡིན། ཚད་ལྡན་གྱི་སྦྲ་ནག་ལ། ཟུར་རེ་ན་སར་བརྡབ་བྱེད་ཀྱི་ཐག་ལོང་གསུམ་རེ་དང་མདུན་རྒྱབ་གཉིས་སུ་གཅིག་རེ་ཡོད། སྦྲ་ནག་གི་ནང་དུ་འཕྲེད་དུ་གདུང་མ་གསུམ་དང་། གདུང་མ་རེར་ཀ་ར་གཉིས་ཡོད། དཀྱིལ་དུ་ཡོད་པའི་ཀ་ར་དེ་གཞན་ལས་ཅུང་རིང་པས། ཁ་ཆར་གང་གི་དུས་སུའང་སྦྲ་ཀླད་ནས་ཆུ་འཛེག་པ་དང་ཆུ་འཁྱིལ་བ་སོགས་ཀྱི་མི་བྱེད། སྦྲ་ནག་ཕུགས་ཀྱི་ཀ་ར་དེ་གཞན་དག་ལས་བྱིན་རླབས་ཡོད་སེམས་ལ། རྒྱུ་མཚན་ཀ་ར་ཕུགས་མ་དེ་མཆོད་ཁང་དང་གཞན་སྐུ་གསུངས་ཐུགས་རྟེན་དང་ཆེས་ཉེ་སར་ཡོད་པས་སོ། དེ་བས་སྤོས་ཁུག་དང་ཤུག་པ། མཆོད་རྗས་སོགས་ཀ་ར་ནང་པ་དེའི་སྟེང་དུ་འགེལ་བ་ཡིན། དཀྱིལ་ཀ་ལ་དཔའ་བོའི་ཀ་ཞེས་འབོད་ལ། རྒྱུན་པར་སྐྱེས་པ་ཚོའི་དངོས་པོ་དག་དེའི་སྟེང་དུ་འགེལ་བའི་སྲོལ་ཡོད། དཔེར་ན། མེ་མདའ། གྲི་དང་མདུང་། སྲབ་སོགས། སྦྲ་སྒོ་རུ་ཡོད་པའི་ཀ་ར་དེར་སྐྱེས་མ་ཚོའི་ཡིན་པས་རྒྱུན་པར་བལ་འཁེལ་ལག་ཆ་དང་། འོ་ཟོ། བཞོ་ལུང་། ཟས་སྣོད་ཅ་ལག་སོགས་འགེལ་ས་ཡིན། ས་ཆ་ལ་ལར། སྦྲ་སྒོ་རུ་ཡོད་པའི་ཀ་ར་དེར་ཆུང་མའི་ཀ་ར་ཞེས་ཀྱང་འབོད་པ་ཡོད། ཁྱད་པར་དུ། ཕོ་མོའི་དབྱེ་བ་ལྟར་སྦྲ་ནང་གི་བཞུགས་གྲལ་ལ་གྲལ་རིམ་གོ་རིམ་ངེས་ཅན་ཞིག་ཡོད། དཔེར་ན། སྐྱེས་པ་རྣམས་སྦྲ་ནང་གི་ཐབ་ཀའི་གཡས་རྒྱུད་དུ་འདུག་པ་དང་བུད་མེད་བྱིས་པ་ཚོ་ཐབ་ཀའི་གཡོན་རྒྱུད་དུ་འདུག་པ་ཡིན། བུད་མེད་ཚོས་རྒྱུན་པར་ཟས་སྦྱོར་བྱེད་དགོས་པས། ཨོང་བ་དང་འབུད་ཤིང་སོགས་ཀྱང་ཐབ་ཀའི་གཡོན་ཕྱོགས་སུ་བཞག་ཡོད།
གཞང་ཡང་། ཐུན་མོང་གི་ཟས་རིགས་དང་ཕྱུར་བ། མར།མཆོད་ཁང་སོགས་སྦྲ་ནག་གི་ཆེས་ཕུགས་སུ་འཇོག་པའི་སྲོལ་ཡོད་ལ། མཚན་མོར་སླེབས་དུས། མགྲོན་པོ་དང་། རྒན་པ། ཕ་མ་སོགས་ཐབ་ཀའི་གཡས་བརྒྱུད་དུ་ཉལ་བ་དང་། ལོ་ཆུང་ཚོ་ཐབ་ཀའི་གཡོན་ཕྱོགས་སུ་ཉལ་དགོས། ཡུལ་དུས་ལྟར། སྦྲ་ནང་གི་སྒོ་ཁ་རུ་སྐྱེས་མ་ཐག་པའི་བེའུ་འདོགས་པའི་སྲོལ་ཀྱང་ཡོད།