བོད་ཀྱི་ནང་བསྟན་ལ་སློབ་གཉེར་དང་ལྟ་སྦྱོང་དང་། ལྷག་པར་དུ་མཚན་ཉིད་རིག་པའི་བལྟ་འཁྲིད་སྦྱོང་གསུམ་ཀྱི་སྲོལ་རྒྱུན་དེ་གཙོ་བོ་དགོན་སྡེའི་སློབ་གསོ་དང། ཆོས་ལུགས་ཆོ་ག་སྒོམ་སྒྲུབ་ཉམས་ལེན་སོགས་ལ་བརྟེན་ནས་དར་རྒྱས་སུ་གཏོང་བཞིན་ཡོད། འོན་ཀྱང་། ནང་ཆོས་ཉམས་ལེན་དེ་འབྲོག་པའི་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་པ་དང་དེ་དགོན་སྡེ་དང་མི་འདྲ་བ་ཡིན་ནོ། སྐྱ་བོ་ཚོས་ནང་ཆོས་ལ་གཙིགས་ཆེན་བྱེད་སྟངས་དང་དད་པའི་སྟོབས་དེ་གཙོ་བོ་སྨོན་ལམ་རྒྱག་པ། ཁ་བཏོན་འདོན་པ། ཕྱག་འཚལ་བ། བསྐོར་བ། མཆོད་འབུལ་སོགས་ལས་མཚོན་ཐུབ་ལ། ཕྱག་མཆོད་སོགས་ལའང་སོ་སོའི་དམིགས་ཡུལ་དང་ལག་ལེན་བྱེད་སྟངས་མི་འདྲ་བ་ཡིན། འཁྲུངས་སྐར། ལོ་གསར། གཉེན་སྟོན། ལོ་ཏོག་རྔ་བ། ནད་ཟློག་པ། འདས་མཆོད། མྱ་ངན་ཞུ་བ། རྗེས་དྲན་སོགས་ཀྱི་སྐབས་སུ་གསོལ་འདེབས་དང་ཁ་བཏོན་འདོན་པ་དང་། གཞང་ཡང་། རང་བྱུང་གོད་ཆགས་སོགས་ཟློག་པའི་ཕྱིར་ཏུ་ཁ་བཏོན་དགེ་སྦྱོར་བྱེད་པའང་ཡོད། མི་མང་ཆེ་བའི་ཁ་བཏོན་ཁ་ཤས་འདོན་ཤེས་མོད། སྡེ་བའི་སྔགས་པ་དང་། གྲྭ་ལོག་ཚོས་རིམ་གྲོ་སོགས་ཀྱི་ཆོ་ག་སྒྲུབ་ཤེས་པ་དང་། བླ་མ་རིན་པོ་ཆེ་དང་མོ་བ་སོགས་ཀྱི་མོ་རྩིས་ལུང་གསུམ་གནངས་བ་དང་འབྲེལ་ནས། སྡེ་མི་ཚོས་གྲྭ་བ་ཚོ་བཅའ་བ་རིམ་གྲོ་སོགས་སྒྲུབ་པར་གདན་འདྲེན་ཞུ་བ་ཡིན།
སྤྱིར་བཏང་། ཉིན་རེ་བཞིན་ཆོས་ལུགས་ཉམས་ལེན་དང་ཆོ་གོ་སོགས་སྒྲུབ་སྦྱོང་རྒྱུན་མི་ཆད་པར་བྱེད་པ་ཡིན། དཔེར་ན། ཉིན་རེའི་ཞོགས་པར་མིག་ཕྱེ་བ་དང་ཕ་མ་གཉིས་སམ་ཡང་ན་ལོ་ལོན་ཚོས་མ་ཎི་དང་། སྒྲོལ་མ། སྐྱབས་འགྲོ་སོགས་བློ་འདོན་བྱེད་པ་ཐོས་ཐུབ། བྱིས་པ་ཚོས། ནར་སོན་གྱི་གོ་རིམ་ཁྲོད་གསོལ་འདེབས་སོགས་ལ་རྣ་ཐོས་མང་དུ་བྱས་རྐྱེན། བྱིས་པ་ཚོས་ཀྱང་མ་ཎི་སོགས་རྒྱུན་སྤྱོད་ཀྱི་ཁ་བཏོན་དེ་འདོན་ཤེས་པ་ཡིན། བོད་ཀྱི་ས་ཆ་མང་ཆེ་བར། སྐེ་དང་མཁྲིག་མར་ཕྲེང་བ་འདོགས་མཁན་རྒྱུན་དུ་མཐོང་རྒྱུ་ཡོད། ཕྲེང་བ་ནི་ཁ་བཏོན་གྱི་གྲངས་ཀ་གསོག་བྱེད་ཡིན་པ་དང་། གཙོ་ཆེ་བར་མ་ཎི་བགྲང་བྱེད་དང་། སྒྲོལ་མ། ཕྱག་དང་སྐོར་བ་སོགས་ཀྱི་གྲངས་ཀ་འདྲེན་བྱེད་ཀྱང་ཡིན་ནོ། མ་ཎི་འདྲེན་པ་དེ་གཙོ་བོ་ཚོགས་གསོག་སྒྲུབ་སྦྱོང་གི་ཆེད་དུ་བསྔོ་བ་ཡིན་ལ། དེ་ཡང་ས་གནས་ཀྱི་དགོན་པར་མ་ཎི་ཡར་སྤྲོད་བྱེད་པ་དང་། མོ་རྩིས་སོགས་ཀྱི་ལུང་བསྟན་བཞིན་རིམ་གྲོ་སྒྲུབ་པ་སོགས་ཀྱང་ཡོད་དེ། མང་ཆེ་བས་བགེགས་རིགས་དང་ན་ཚ་སོགས་ཟློག་པ་དང་། དགེ་སྒྲུབ་ཀྱི་ལས་གསག་པའི་ཆེད་དུ་ཡིན་ནོ།
ཞོགས་པའི་ཁ་བཏོན་འདོན་དུས་སུ། མཆོད་ཁང་མདུན་དུ་མཆོད་བཤམས་བྱེད་པ་དང་། མཆོད་བཤམས་བྱེད་པ་ལ་མཆོད་ཆུ་འདྲེན་པ་དང་། འོ་མ་གསར་བ། ཐབ་ཀའི་སྟེང་མར་བསྲེགས་པ། ཡང་ན་དགོན་པའི་ཚོང་ཁང་ནང་གི་སྤོས་དང་། ཤུག་པ། འཇིབ་རྩི་སོགས་ཀྱི་མཆོད་པ་བྱས་ཀྱང་ཆོག འདི་ནི་ཉིན་རེའི་ཟས་ཐུན་སྔོན་གྱི་མཆོད་པ་དང་གསོལ་འདེབས་ཀྱི་ཆོ་ག་དག་ཡིན་ནོ། གཞང་ཡང་། གསོལ་འདེབས་དང་ཉམས་ལེན་དེ་ཡང་གཙོ་བོ་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མར་མཆོད་པ་དེ་ཡིན་ལ། ད་དུང་། ཚོ་བའི་འདས་མཆོད་སྒྲུབ་པའི་ཕྱིར་དང་། ད་དུང་བླ་མ་སོགས་ཁྲི་སར་འཁོད་དུས་ཀྱི་ཆོ་གར་ཡང་གོ་བ་ཡིན། དུ་དུང་བོད་པའི་སྲུང་སྐོར་གྱི་རིགས་དེ་གང་སར་མཐོང་རྒྱུ་ཡོད། དཔེར་ན། སངས་རྒྱས་ཀྱི་སྐུ་འདྲ་དང་ཡང་ན་བླ་མ་སོགས་གྱི་སྐུ་པར། དེ་ནས་རབ་གནས་བྱས་ཟིན་པའི་སྲུང་སྐོར་དང་སྐུད་པ་སོགས་དང་སྤྲེལ་ནས་སྐེ་རུ་འདོགས་པ་ཡིན། དེ་བཞིན་དུ། འབྲོག་ཕྱོགས་སུ་ནང་བསྟན་སྒྲུབ་སྦྱོང་བྱེད་པ་དེ་ནི་རྩྭ་ཐང་གི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེས་ཁོ་བ་ཚོའི་འཚོ་བར་ཁ་དོག་ཀྱང་གསར་བ་ཞིག་ཀྱང་སྣོན་བཞིན་ཡོད།