Skip to main content
ལྷམ།
Namgyal Tsepak

ལུས་རྩལ་ལྷམ་སོགས་བཟོ་གྲྭ་ལས་ཐོན་པའི་ལྷམ་འབོར་ཆེན་དར་ཁྱབ་ཏུ་སོང་བ་རྐྱེན་གྱིས། བོད་པའི་སྲོལ་རྒྱུན་ལྷམ་རིགས་དེ་དག་ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་གོན་ལྷམ་དུ་མ་གྱུར་ཀྱང་། ལོ་སར་དང་གཉེན་སྟོན་སོགས་དུས་ཆེན་བསྐལ་ཆེན་ལ་འཕྲད་དུས། བོད་པའི་འཇུར་རྟ་ཡང་རྒྱུན་པར་མཐོང་། དེ་བཞིན་དུ། དུས་དང་རྣམ་པ་ཀུན་ཏུ་སྲོལ་རྒྱུན་གྱི་ལྷམ་རིགས་དེ་དག་བེད་སྤྱོད་གཏོང་མཁན་ནི་རབ་བྱུང་ཕོ་མོའི་སྡེ་ལས་གཞན་མེད་པས་ན། སྲོལ་རྒྱུན་གྱི་བོད་ལྭ་དང་བོད་ལྷམ་འདི་དག་ཀྱང་རྒྱུན་སྤྱོད་ཀྱི་གྱོན་ཆས་ལས་བརྒལ་ཏེ་རིག་གནས་ཤིག་གི་དན་རྟགས་སུ་གྱུར་ཡོད་དོ། །

གཟུགས་མཐོང་བརྙན་པར།

བོད་པའི་འཇུར་རྟ་སྤྱིར་བཏང་པུས་མོ་གཉིས་ཀྱི་སར་ཐུག་ལ། ཀོ་སྐུད་སོགས་ཀྱིས་པུས་མོའི་འོག་ཏུ་བསྒགས་པ་དང་། ཡུལ་སྐད་མི་འདྲ་བ་དང་བཟོ་བྱེད་ཀྱི་རྒྱུ་ཆ་མི་འདྲ་བ་སོགས་ཀྱི་དབང་གིས་མིང་ཡང་ཅི་རིགས་སྣང་། འཇུར་རྟ་བཟོ་བྱེད་ཀྱི་རྒྱུ་ཆ་ལ། ཀོ་དང་ཕག་ཀོ ཤུར་མ། སྣམ་བུ་སོགས་ཡོད། འཇུར་རྟ་བཟོ་དུས། གཡས་གཡོན་གྱི་ཁྱད་པར་སྤྱིར་བཏང་དུ་མི་འབྱེད་ལ། ཕོ་མོ་གཉིས་ལའང་ཁྱད་པར་ཆེན་པོ་མེད་ཅིང་། ཡུལ་ལུང་དང་ལོ་ཚོད་ཀྱི་ཁྱད་པར་ཀྱང་འཇུར་རྟའི་སྟེང་ན་མངོན་མེད་དོ། །

ཀོ་དང་ཤུར་མའི་ལྷམ་མགོར་རྟག་ཏུ་རྒྱ་གྲམ་གྱི་རྟགས་བཀོད་པ་དང་། ལྷམ་མཐིལ་ནི་ཀོ་རིམ་པ་ལྔ་ནས་བདུན་གྱིས་བརྩེགས་ཡོད་ལ། ནང་དུ་ཕྱིང་བུ་དྲས་པའི་ལྷམ་གདན་བཏིངས་པ་དང་། ལྷམ་མཐིལ་གྱི་སྲབ་མཐུག་ལ་ལི་སྨི2-4ཡིན། སྣམ་བུའི་ལྷམ་ལ་རིགས་མང་སྟེ། གོང་བསྟན་གྱི་ལྷམ་རིགས་དག་དང་ཧ་ལམ་འདྲ་ལ། སྲེ་ལོང་ཡན་གྱི་ལྷམ་ལུས་ནི་ཁ་དོག་མི་འདྲ་བའི་སྣམ་བུས་བཟོས་ཤིང་། ལྷམ་ངོས་སུ་ཚེམ་དྲུབ་ཀྱི་རི་མོ་སྣ་ཚོགས་གདའ་འོ། །

འགྲེམས་སྟོན་ཁང།

བོད་པའི་ལྷམ་ལ་ཁ་དོག་སྣ་ཚོགས་ལྡན་ཞངི་དྲོན་པོའང་ཡིན། ད་ལྟའི་བོད་མིའི་འཚོ་བར་བོད་ལྷམ་འདི་དག་མང་བོ་མཐོང་དུ་མེད་ཀྱང་། ཡུལ་སྐོར་བྱ་བས་སྒུལ་བའི་བཟོ་རྩལ་ཁེ་ལས་ཇེ་མང་དུ་སོང་བས། བོད་ལྷམ་བཟོ་ལས་ལའང་གསོན་ཤུགས་རྒྱས། བོད་པའི་སྡོད་ཁུལ་ཁ་ཤས་སུ། རྣམ་པ་སྣ་ཚོགས་པའི་སྲོལ་རྒྱུན་བོད་ལྷམ་བཟོ་བའི་ཁེ་ལས་སོགས་ཀྱང་ཡོད་པས། ཁེ་ལས་འདི་དག་གིས་བོད་མིའི་དགོས་མཁོ་སྐབས་བསྟུན་དུ་སྐོང་བ་དང་ཡུལ་སྐོར་བ་འདོད་བློ་ཡང་ཚིམ་པར་བྱས། དེ་དག་ལས་ཕལ་མོ་ཆེས་ཚོན་མདངས་རྣམ་པར་བཀྲ་ཤིང་བལྟས་པས་ཡིད་དབང་འཕྲོག་པའི་འཇུར་རྟ་རེ་བླུས་ཏེ་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཉར་བཞིན་ཡོད་དོ། །


Support the Folklife Festival, Smithsonian Folkways Recordings, Cultural Vitality Program, educational outreach, and more.

.